—ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མེན་ཞ་ནགས་རའི་སྐྱེ་ཁམས་བདག་སྐྱོང་པ་ལེ་ཧྥ་མིན་གྱི་གནས་ཚུལ་བཀོད་པ།
སྡོང་ཕྲུག་ལ་ཞིབ་བཤེར་བྱེད་ཀྱིན་པ།
ལོ་ངོ་བཅུ་བཞི། ཉིན་གྲངས་སྟོང་ལྔ་བརྒྱ་དང་བཅུ། སྤྱི་ལེ་ཁྲི་གཅིག་དང་སྟོང་བདུན་བརྒྱད་བརྒྱ་གྱ་ལྔ་སོགས་ཀྱི་གྲངས་ཀ་འདི་དག་ནི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མེན་ཞ་ནགས་རའི་སྐྱེ་ཁམས་བདག་སྐྱོང་པ་ལེ་ཧྥ་མིན་གྱིས་འགུལ་སྐྱོད་ལ་བརྟེན་ནས་ལྗང་མདོག་གི་ཡུལ་གྲུ་བསྲུངས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཁྱིམ་གཞིས་བརྟན་སྲུང་བྱས་པའི་མཚོན་རྟགས་ཡིན་ལ། ཁོས་རི་ཆུ་ལ་བཅངས་པའི་ལྗང་མདོག་གི་བརྩེ་སེམས་ཀྱང་རེད།
ཟླ4པའི་ཚེས8ཀྱི་ཉིན་གུང་། ཀྱག་ཀྱོག་གི་རི་ལམ་དེད་ནས། ང་ཚོ་ལེ་ཧྥ་མིན་གྱིས་ལོ་མང་པོར་བརྟན་སྲུང་བྱས་པའི་ཞ་ཧུང་སུང་སྐྱེ་ཁམས་བདག་སྐྱོང་གནས་སུ་སླེབས། རི་བོ་ཞིག་བརྒལ་རྗེས། ལི་མདོག་གི་འགོག་སྲུང་ལྭ་བ་གྱོན་པའི་ལེ་ཧྥ་མིན་གྱིས་རྒྱང་རིང་ནས་ང་ཚོར་ལག་གཡུག་བྱེད་བཞིན་པ་མཐོང་། གཟུགས་རིང་རྒྱུ་མེད་པ་དང་ལུས་ཕུང་ཅུང་སྐམ་པོ་ཡིན་པས། མི་རྣམས་ལ་བབ་ཆགས་པའི་ཚོར་བ་སྟེར་སྲིད་ལ། དཔེ་ཀློག་མཁན་གྱི་རང་གཤིས་ཤིག་ཀྱང་མངོན་ཡོད།
ཞ་ཧུང་སུང་ནི་ནན་མེན་ཞ་གྲོང་རྡལ་ཆི་སྐྱ་སྡེ་བའི་ནུབ་ཕྱོགས་ཀྱི་རི་མཐོ་གྲོག་རོང་གི་བར་དུ་གནས་ཤིང་། མཚོ་འཕང་སྨི2500ནས་སྨི3000བར་ཡོད། དེ་ནི་ས་གནས་དེ་གའི་མིའི་ལྗང་མདོག་དངུལ་ཁང་ཡིན་པར་མ་ཟད། མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གྱི་ཆ་ཤས་ཤིག་ཀྱང་ཡིན་པས་སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད།
“ད་ལོ་ལོ55ལ་སླེབས་པའི་ལེ་ཧྥ་མིན་གྱི་མི་ཚེའི་བརྒྱུད་རིམ་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་ལ། ཁོས་དང་ཐོག་མི་སྐྱོང་བ་དང་དེ་ནས་ཤིང་སྡོང་བསྐྱངས་པ་རེད་ཅེས་བཤད་ཆོག”ཅེས་ནན་མེན་ཞ་ནགས་རའི་མགོ་གཙོ་ལི་ཙུང་ཏི་ཡིས་དེ་ལྟར་འགྲེལ་བཤད་བྱས། ཁོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཆི་སྐྱ་སྡེ་བའི་མི་ཡིན་ལ། ཧུའུ་ཀྲུའུ་སློབ་འབྲིང་དང་པོ་ནས་སློབ་མཐར་ཕྱིན་རྗེས། ཁྱིམ་ཚང་དང་དཔལ་འབྱོར་གྱི་རྐྱེན་གྱིས་སློབ་ཆེན་དུ་རྒྱུགས་སྤྲོད་མ་ཐུབ་པས། རང་ཡུལ་དུ་ལོག་ནས་སྡེ་བའི་སློབ་ཆུང་གི་དགེ་རྒན་བྱས། སྔ་རྗེས་སུ་སློབ་ཆུང་གི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་རྒྱའི་སྐད་ཡིག་དང་། རྩིས་རིག དབྱིན་ཡིག་བཅས་སློབ་ཁྲིད་བྱས་མྱོང་བ་དང་། 2011ལོར་ཁོ་སྐྱེ་ཁམས་བདག་སྐྱོང་པར་གདན་ཞུ་བྱས་པས་ས་མུའུ་སྟོང་གཅིག་དང་རེ་བརྒྱད་ལྷག་གི་ནགས་ཚལ་བདག་སྐྱོང་བྱས།
ཁ་བརྡ་བྱེད་སྐབས། ལེ་ཧྥ་མིན་དང་བདག་སྐྱོང་པ་ལེ་ཡིའུ་ཧུང་གིས་མེ་གསོད་ཡོ་བྱད་ཁྱེར་ནས་ཉིན་དེའི་རི་བོར་སྐོར་སྐྱོད་ཐེངས་གཉིས་པ་བྱེད་པའི་ལམ་དུ་ཆས། གསར་འགོད་པ་ཁོ་ཚོའི་རྗེས་འབྲངས་ནས་རི་རྩེར་འགོས། འདམ་རྫབ་ཀྱིས་སྦགས་པའི་ལམ་ཕྲན་དུ་གོམ་པ་གཅིག་སྤོས་ན་གཅིག་འདྲེད་ལ། སྟར་ཚེར་གྱིས་རྗེ་ངར་སྟེང་ཡང་ཡང་གཙགས་པས་ན་ཟུག་སློང་བ་དང་། དེའི་ཁར་མཚོ་འཕང་ཇེ་མཐོར་སོང་བ་དང་བསྟུན་ནས་བྲང་ཁོག་ན་བའི་ཚོར་བ་སྟེར་བས། དེ་དག་ཡོད་ཚད་ཀྱིས་སྐོར་སྲུང་གི་བྱ་བ་ནི་ལས་སླ་མོ་ཞིག་མིན་པ་མཚོན་ཡོད།
མཐར་རི་རྐེད་དུ་སླེབས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་སར་ལངས་ནས་ཕྱོགས་བཞིར་བལྟས་ཚེ། རི་བོ་གཉིས་ཀྱི་བར་དུ་འབབ་པའི་ཆུ་ཕྲན་ཞིག་གིས་བདག་སྐྱོང་ས་ཁོངས་དེ་ཁག་གཉིས་སུ་བགོས་ཡོད་པ་དང་། ལྷོ་ཕྱོགས་ཀྱི་སྲིབ་ངོས་ནི་གསོམ་ཤིང་སྟུག་པོ་ཡིན་པ་དང་། བྱང་ཕྱོགས་ཀྱི་ཉིན་ངོས་ནི་མཐོ་ཚད་སྨི་གཉིས་གསུམ་ཡོད་པའི་མིས་བཟོས་ནགས་ཚལ་རེད། དོ་དམ་སྲུང་སྐྱོབ་ས་ཁུལ་དུ་ལུང་བ་མང་ལ་གཞི་རྒྱ་ཆེ་བ་དང་། སྐོར་སྐྱོད་ཀྱི་ལམ་ཐག་ཧ་ཅང་རིང་།
ནན་མིན་ཞ་ནགས་རའི་ལས་བཟོ་བ་ཀྲིན་པིན་ཧྲན་གྱིས་བཤད་རྒྱུར། ནགས་ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱས་ཆེད། ཉིན་རེའི་སྐྱ་རེངས་ཀྱི་དུས་སུ་ཁོས་ཆུ་དེམ་དང་གྲོ་ཁ་འཁྱེར་ནས་ནགས་ཁུལ་དུ་བསྐྱོད་པ་དང་། ནགས་ཁུལ་རྒྱུན་ལྡན་ཡིན་མོན་དང་སྡོང་བོར་གནོད་པ་ཐེབས་ཡོད་མེད། ཕྱུགས་ཟོག་འཚོ་མཁན་ཡོད་མེད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་བཅས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་པ་མ་ཟད། སྐོར་སྐྱོད་ཀྱི་ཉིན་ཐོ་ཞིབ་མོས་འབྲི་བཞིན་ཡོད་ཟེར།
ལེ་ཧྥ་མིན་གྱིས་རང་ཉིད་ཀྱི་བདག་སྐྱོང་ས་ཁོངས་ལ་མཛུབ་མོས་བསྟན་ཏེ་བཤད་རྒྱུར། རི་འདབས་ཀྱི་དོ་དམ་ས་ཚིགས་ནས་རི་སྟེང་དུ། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ3.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་གསུམ་ཡོད་ལ། དེ་ནི་ང་ཚོའི་སྲུང་དགོས་པའི་གཡུལ་ས་ཡིན། བྱ་བ་འདི་སྒྲུབ་པར་ལུས་ཕུང་བཟང་པོ་ཞིག་དགོས་པར་མ་ཟད། དཀའ་ཁག་དང་སུན་སྣང་ཡང་བཟོད་ཐུབ་པ་ཞིག་ཡིན་དགོས་ཟེར།
ལེ་ཧྥ་མིན་གྱིས་བཤད་རྒྱུར། “ཁྱོད་ཀྱིས་སྟར་ཚེར་འདི་དག་ལ་ལྟོས་དང་། སྨི་གཅིག་མན་གྱི་སྡོང་ཤུན་དག་འོད་འཁྱུག་འཁྱུག་ཏུ་འདུག་པ་ནི་ཤྭ་བས་ཟོས་སོང་བས་རེད།” ལེ་ཧྥ་མིན་གྱིས་ཁུག་པ་དང་པོའི་ནང་དུ་ཝ་མོ་མ་བུ་བཞི་དང་འཕྱི་བ། རྒྱབ་བྱ་སོགས་ཡོད་ལ། ཁུག་པ་དྲུག་པའི་ནང་དུའང་ཝ་ཚང་ཞིག་ཡོད། དེ་དག་གིས་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་ཡོད་པ་གསལ་བཤད་བྱས་ཡོད་པ་དང་དེའི་ནང་དུ་ཁོའི་བྱས་རྗེས་ཀྱང་འདུས་ཡོད།
ཀྲེན་པིན་ཧྲན་གྱིས་གསལ་བཤད་བྱས་པ་ལྟར་ན། ཁུག་པ་དང་པོ་ནི་རི་འདབས་ནས་རི་སྟེང་དུ་འགྲོ་སའི་ཁུག་པ་དང་པོ་ཡིན་ལ། ཁུག་པ་གསུམ་པའི་རི་ལྡེབས་ཀྱི་སོ་ཕག་གི་ཁང་པ་དེ་གཉིས་ནི་སྔོན་ཆད་ཀྱི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཡིན་པ་དང་། དེ་རུ་གློག་མེད་ལ་དྲ་རྒྱ་ཡང་མེད། ལེ་ཧྥ་མིན་གྱིས་གནས་དེ་རུ་ལོ་གསུམ་གྱི་རིང་ལ་ཉིན་མཚན་དབྱེར་མེད་ཀྱིས་རྒྱུན་འཁྱོངས་བྱས་པ་དང་། ཉིན་མོ་རི་ལ་སྐོར་སྐྱོད་བྱས་རྗེས་དགོང་མོར་ཞག་སྒྲོན་ཞིག་སྦར་ནས་བསྡད་ཅིང་། ཆུ་དང་བག་ལེབ་ནི་ཁོའི་ཉིན་རེའི་གུང་ཟས་ཀྱི་ཚད་གཞི་རེད། ལོ་ངོ་མང་པོའི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཁོས་ཁོངས་གཏོགས་ཁུལ་གྱི་ས་དབྱིབས་དང་ཐོན་ཁུངས་ཀྱི་གནས་ཚུལ། ནད་འབུའི་གནོད་འཚེ་འབྱུང་བའི་ཆོས་ཉིད་བཅས་གསལ་པོར་ཤེས་ཡོད།
དུས་ཐོག་ཏུ་རི་ལ་སྐོར་ཞིབ་བྱེད་པ་དང་། ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་བྱེད་པ། ནགས་ཚལ་གྱི་མེ་འགོག་པ་སོགས་བདག་སྐྱོང་པའི་འགན་ཁུར་པའི་ལོ14ཡི་རིང་ལ། ཁོས་ནན་ཏན་དང་ཞིབ་ཚགས་ཀྱིས“རིན་ཆེན་གཏེར་མཛོད”དེར་སྲུང་སྐྱོབ་བྱས། ཁོས་དོ་དམ་དང་སྲུང་སྐྱོབ་ཞིབ་ཚགས་བྱས་པར་བརྟེན། དེ་གར་ནགས་ཚལ་ལ་མེ་སྐྱོན་དང་ཤིང་གཅོད་པ། རི་སྐྱེས་སྲོག་ཆགས་རྔོན་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མ་མྱོང་། ལོ་གསར་དང་དུར་མཆོད་དུས་ཆེན་གྱི་སྐབས་སུ། ཁོ་སྔ་མོ་ནས་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་རྒྱ་ཆ་སྟེར་བ་དང་། འགན་འཁྲིའི་ཡི་གེ་མིང་རྟགས་འགོད་པ། མེ་འགོག་བཀའ་རྒྱ་སྦྱོར་བ་བཅས་བྱས་ལ། སྐད་འཕྲིན་བརྒྱུད་དེ་དཔེ་མཚོན་གྱོད་དཔེ་བསྐུར་བས། སྲིད་ཇུས་ཁྲིམས་སྲོལ་དང་མེ་འགོག་རྒྱུན་ཤེས་ཁྱིམ་ཚང་ཚང་མར་ཤེས་སུ་བཅུག
“ད་ལྟ་ཤིང་སྡོང་གཅོད་པ་དང་ལྐོག་རྔོན་བྱེད་པའི་སྣང་ཚུལ་ཕལ་ཆེར་མཐོང་རྒྱུ་མེད། རི་ལ་འགོས་ན་ཤྭ་དང་། ཝ་མོ། འཕྱི་བ། རྒྱབ་བྱ་སོགས་སྲུང་སྐྱོབ་སྲོག་ཆགས་ལ་འཕྲད་ཐེངས་ཇེ་མང་རེད”ཅེས་ལེ་ཧྥ་མིན་གྱི་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་ནས་དེ་ལྟར་བཤད། དེ་ནི་སྐྱེ་ཁམས་སྐྱེ་དངོས་ཀྱི་གྲངས་འབོར་ཇེ་མང་དུ་སོང་བ་དང་། ཁྱུ་ཚོགས་ཇེ་མང་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གྱུར་པ་བཅས་དངོས་སུ་མཐོང་བས་རེད།
དགུན་ཁར་རི་མ་ས་ཁུལ་དུ་རྒྱུན་དུ་གངས་ཆར་འདྲེས་མའི་གནམ་གཤིས་ཡོད་པ་དང་ཁ་བ་ཆེན་པོས་སྡོང་མྱུག་མནན་པའི་གནས་ཚུལ་འབྱུང་། ལེ་ཧྥ་མིན་གྱིས་རྟག་པར་དབྱུག་པ་ཞིག་ཁྱེར་ནས་སྡོང་ཕྲུག་རེ་རེ་སྤྲུགས་ཏེ་ལངས་སུ་བཅུག་མོད། འོན་ཀྱང་ཁོ་རང་ཉིད་ཀྱི་ལུས་པོ་ཡོངས་རྫོགས་ཆར་ཆུས་བརླན་པར་གྱུར། དབྱར་དུས་ཀྱི་ཞ་ཧུང་སུང་ལ་རྟག་ཏུ་ཆར་ཆེན་འབབ་པས་ཁོས་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། རྒྱུན་དུ་རང་འགུལ་ངང་ཆུ་ལམ་དང་ཆུ་ཡུར་ཉམས་གསོ་བྱས་ཏེ། བཞུར་ཆུ་ཤར་གཏོང་ཐུབ་པ་དང་། ཆུ་ལོག་གིས་ནགས་ཚལ་ལ་གནོད་པ་ཐེབས་ཚད་ཇེ་ཉུང་དུ་གཏོང་བཞིན་ཡོད།
ཁོ་རང་ལྗང་མདོག་སྲུང་མཁན་ཡིན་ལ། ལྗང་མྱུག་འདེབས་མཁན་ཡང་ཡིན། དཔྱིད་ཀའི་སྡོང་འཛུགས་ནགས་སྐྲུན་གྱི་དུས་ཚིགས་སུ་ལེ་ཧྥ་མིན་རྟག་ཏུ་སྡོང་འཛུགས་ལྗང་སྒྱུར་དང་འོས་འགན་སྡོང་འཛུགས་ནང་ཞུགས་པར་མ་ཟད། ད་དུང་སྡེ་བའི་འགྲམ་དང་ལམ་འགྲམ། ཆུ་ཡུར་འགྲམ། སྡོད་ཁང་གི་འགྲམ་བཅས“འགྲམ་བཞིའི”ལྗང་སྒྱུར་བྱ་བ་སྤེལ་རྒྱུ་བརྗེད་མི་སྲིད། ཁོས་རྒྱུན་པར་སྡོང་ཕྲུག་ནི་རང་ཉིད་ཀྱི་བྱིས་པ་དང་འདྲ་བར་གཟབ་ནན་ངང་འདེབས་གསོ་དང་བདག་སྐྱོང་ཞིབ་ཚགས་བྱེད་དགོས་ཞེས་བཤད་ཀྱིན་ཡོད། སྟོན་དུས་ཁོས་བསླས་འཐག་ཁུག་མ་བླངས་ནས་རང་འགུལ་ངང་ས་བོན་སྡུད་ལེན་བྱེད་པ་དང་། ཉིན་ལྟར་སྡུད་ལེན་བྱས་པའི་ས་བོན་ཁྱིམ་དུ་ཁྱེར་ནས་བསྐམས་པ་དང་། དག་འདེམས་སྙིགས་འདོར་བྱས་ཏེ། དཔྱིད་དུས་སུ་ནགས་ཁུལ་གྱི་ས་སྟོང་དང་། རྣང་ཁ། ལམ་འགྲམ་བཅས་སུ་འདེབས་ཀྱིན་ཡོད།
ལེ་ཧྥ་མིན་གྱིས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་གཞག་ལག་ལེན་དུ་བསྟར་བའི་སྐབས་སུ། ལས་དབང་གིས་ཁོའི་ཚེ་སྲོག་ལ་ཉེན་བརྡ་བཏང་བྱུང་། 2023ལོའི་ཟླ10པར། ཁོ་ལ་རྒྱུ་མའི་འབྲས་སྐྲན་བྱུང་ཡོད་པ་ངོས་བཟུང་། དེ་ལྟ་ནའང་། སྨན་ཁང་དུ་སྡོད་པའི་སྐབས་སུ་ལས་ཁུངས་འཚམས་འདྲིར་ཕྱིན་སྐབས། ཁོས་ད་དུང་ནགས་ཁུལ་སེམས་ལ་འཐོགས་ནས་ཡར་མར་གཉིས་ཀ་དྲིས་ཏེ་རྒྱུན་དུ་སེམས་པ་བདེ་ལ་འབབ་ཐུབ་ཀྱིན་མེད། ནད་གཞི་ཅུང་ཙམ་ཇེ་དྲག་ཏུ་སོང་རྗེས། ཁོས་རྒྱུན་དུ་ཁ་པར་བརྒྱུད་ནས་ནགས་ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱས། ད་ལྟ། ཁོའི་ནད་གཞི་ཅུང་དྲག་སྐྱེད་བྱུང་ཡོད་པས། ཁོའི་གྲིབ་གཟུགས་ཀྱང་ནགས་ཁུལ་གྱི་གྲུ་ཟུར་རེ་རེ་ནས་མངོན་ཡོང་།
“རི་འདི་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི། ལྗང་མདོག་གི་དངུལ་ཁང་ཞིག་སྲུང་བ་དང་འདྲ།”ལེ་ཧྥ་མིན་གྱིས་རྗེས་ཕྱོགས་ཀྱི་དམིགས་འབེན་ནི་ནགས་ཚལ་ལ་ལྟ་སྲུང་ཡག་པོ་བྱ་རྒྱུ་དེ་ཡིན་ཟེར། ནགས་རའི་ང་ལ་བྱ་བའི་ལས་གནས་ཞིག་འདོན་སྤྲོད་བྱས་ཡོད་པ་དང་། ང་རང་སྨན་ཁང་དུ་སྡོད་སྐབས་ང་ལ་ཞལ་འདེབས་ཕུལ་བས། ངས་ལས་གནས་འདིའི་རིན་ཐང་དང་འགན་འཁྲི་སྔར་ལས་འཁུར་དགོས་པའི་ཚོར་བ་བྱུང་དུ་བཅུག
སྐད་ཆ་བརྗིད་པོ་དང་ཚུགས་ཀ་རྫིགས་པོ་ཅི་ཡང་མེད་པར་ལེ་ཧྥ་མིན་གྱིས་དུས་ནམ་ཡང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་བརྟན་སྲུང་བྱས་ཏེ། མུའུ་སྟོང་ལྷག་གི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ལག་བསྟར་བྱེད་མཁན་དང་རི་སྔོ་ཆུ་དྭངས་ཀྱི་སྲུང་སྐྱོབ་མཁན་བཟང་པོ་བྱེད་ཀྱིན་ཡོད།
ལི་ཙུང་ཏི་ཡིས་བཤད་རྒྱུར། ལེ་ཧྥ་མིན་ཚེ་འདིར་གཉེན་སྒྲིག་མ་བྱས་པས་བུ་ཕྲུག་མེད། ཁོས་ཡུལ་དེའི་མེ་ཏོག་དང་རྩི་ཤིང་། རི་བོ་དང་ཆུ་བོ་བཅས་རང་ཉིད་ཀྱི“བུ་ཕྲུག”ལ་བརྩིས་ནས་གནས་དེའི་སྐྱེ་ཁམས་རང་ཉིད་ཀྱི་མིག་འབྲས་ལྟར་གཅེས་སྐྱོང་བྱེད་ཀྱིན་ཡོད། སྐྱེ་ཁམས་བདག་སྐྱོང་གི་བྱ་བར་བརྟེན་ནས་ཁོ་རང་དབུལ་ཕོངས་ལས་ཐར་བས་ཁོའི་དྲིན་གཟོ་དང་། རྔུལ་ཆུ། ཕུགས་འདུན་བཅས་ལྗང་མདོག་གི་ཡུལ་གྲུ་དེ་རུ་བསྟིམས།
ཆེས་མཛེས་པའི་སྐྱེ་ཁམས་བདག་སྐྱོང་པ། རི་ཆུའི་གསེབ་ན་བྲེལ་ཟིང་གིས་བསྐྱོད་བཞིན་ཡོད། ལྗང་མདོག་ལ་དགའ་བ་དང་ལྗང་མདོག་སྲུང་ནས། དུས་ནམ་ཡང་གནས་དེར་བརྟན་སྲུང་བྱེད་ཀྱིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།