ངལ་རྩོལ་དཔེ་ལེགས་ཅན་གྱིས་ཐང་ག་འབྲི་བཞེངས་ལ་བརྟེན་ནས་སྒྱུ་རྩལ་རྒྱུད་འཛིན་བྱས།
2025.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

----རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་གླིང་གི་ཡོན་ཀྲང་སྙིང་འབུམ་གྱི་གནས་ཚུལ་ཆེད་བཀོད།

སྙིང་འབུམ་གྱིས་བྱིས་པ་ཚོར་སློབ་ཁྲིད་བྱེད་ཀྱིན་པའི་རྣམ་པ།

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་སྒྱུ་རྩལ་གླིང་དུ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ་མཁན་ཡོན་ཀྲང་སྙིང་འབུམ་གྱི་སྣེ་ཁྲིད་འོག སློབ་མ་བཅུ་ལྷག་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་འབྲི་བཞེངས་བྱེད་ཀྱིན་འདུག ཚོན་རྩི་སྡེབ་སྦྱོར་བྱེད་སར། སློབ་མ་ཞིག་གིས་ཞིབ་མོར་བརྡར་བའི་མུ་མེན་དང་མཚལ་རྒོད་སོགས་རང་བྱུང་གཏེར་རྫས་ཚོན་རྩི་དེ་རྫ་དཀར་ནང་དུ་བླུགས་ནས་དཀྲུག་པས། ཚོན་མདོག་སྣ་ཚོགས་སྡེབ་སྦྱོར་བྱས། སློབ་མ་གཞན་པ་ཞིག་གིས་འབྲི་སྨྱུག་ལག་ལ་བཟུང་ཞིང་རིག་པ་སྒྲིམ་ནས་ཐང་གར་གསེར་མདོག་གི་སྐྱ་རིས་ཕབས།

སྒྱུ་རྩལ་གླིང་གི་སྣེ་ཁྲིད་པ་ཡིན་པའི་ཆ་ནས། སྙིང་འབུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཚོར་ལྟ་རྟོག་བྱས་པ་དང་། སློབ་མ་ཚོར་རྩལ་ནུས་དཔེ་སྟོན་བྱས་པར་མ་ཟད་རེ་རེ་བཞིན་དཔྱད་འཇོག་དང་ཐང་གའི་རི་མོ་བཟོ་བཅོས་བྱས། ཁོས་སྐབས་རེར་སློབ་མའི་འབྲི་སྨྱུག་ལ་ལྟ་ཞོར་ཐིག་རིས་འབྲི་སྟངས་སྐོར་འགྲེལ་བཤད་བྱས། ལན་རེར་སློབ་མ་ཚོ་དང་མཉམ་དུ་ཚོན་མདོག་སྡེབ་སྦྱོར་བྱེད་སྟངས་སྐོར་ཁ་བརྡ་བྱས་ལ། ལོ་ངོ་མང་པོའི་རིང་གི་ཉམས་མྱོང་མཉམ་སྤྱོད་བྱས། ངལ་རྩོལ་པར་དབང་པའི་དུས་ཆེན་འདིར། སྙིང་འབུམ་གྱིས་ངལ་རྩོལ་དཔེ་ལེགས་ཅན་གྱི་བརྟན་སྲུང་དང་བརྩེ་བ་རྣལ་མས་ཐང་ག་གྲོགས་སུ་བསྟེན་ནས། གསར་རྩོམ་དང་སློབ་ཁྲིད་ཀྱི་ལས་ཡུལ་དང་པོར་རྐང་བཙུགས་ཤིང་། ཆེས་བབ་ཆགས་ཀྱི་སྤྱོད་པས་ངལ་རྩོལ་གྱི་རིན་ཐང་མངོན་པར་བྱས།

ནུས་ཤུགས་ཡོད་རྒུས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས།  བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་བསྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་རྣ་བར་གཤགས་ནས་ནམ་རྒྱུན་ང་ལ་སྐུལ་མ་ཐེབས་ཡོད་ཟེར། སྙིང་འབུམ་གྱིས་བལྟས་ན། ཐང་གའི་སྒྱུ་རྩལ་གྱིས་བཟོ་པའི་སྙིང་སྟོབས་གསལ་བོར་མངོན་ཡོད།

སྙིང་འབུམ་གྱིས་བརྩེ་བའི་སྒོ་ནས་བཤད་རྒྱུར། སྔོན་ཏག་ཏག་ལ། ཁོ་དང་སློབ་མ་དྲུག་གིས་མཉམ་དུ་གསར་རྩོམ་བྱས་པའི་བརྩམས་ཆོས་མི་རིགས་ལྔ་བཅུ་ང་དྲུག་ཅེས་པ་དེ་པའེ་ཏའེ་ཆུ་བོའི་འགྲམ་དུ་འགྲེམ་སྟོན་བྱས། བརྩམས་ཆོས་འདི་ཟླ་དྲུག་འགོར་རྗེས་སུ་ལེགས་འགྲུབ་བྱུང་བ་དང་། དགེ་སློབ་ཚོའི་སེམས་ཤུགས་གཅིག་སྡུད་བྱས་ཡོད་ཟེར།

ཐང་ག་གཅིག་འབྲི་བཞེངས་བྱེད་པར་རྙོག་འཛིང་ཆེ་བའི་གོ་རིམ་མང་པོ་བརྒྱུད་དགོས་ཏེ། ཐོག་མར་སྐྱ་ཐིག་འདེབས་སྐབས། ཡང་དང་བསྐྱར་དུ་མི་སྣའི་བསྡུར་ཚད་དང་ཐིག་རིས་འབྲི་ཚུལ་ལ་དབྱེ་ཞིབ་བྱེད་དགོས་ལ། རང་བྱུང་གཏེར་རྫས་ཚོན་རྩི་ཞིབ་མོར་བརྡར་རྗེས། རིམ་པ་བཞིན་བརྩེགས་པའི་ཐབས་ལམ་ལ་བརྟེན་ནས་རི་མོར་ཚོན་རྩི་བྱུགས་པ་དང་། དེའི་རྗེས་སུ་གཙོ་རིས་ལ་གསེར་མདོག་གི་སྐྱ་རིས་ཕབས་དགོས། ཆེས་མཇུག་མཐར་སྤྱན་འབྱེད་པའི་འབྲི་རིམ་ནི་བརྩམས་ཆོས་ལ་སྲོག་ཞུགས་པའི་གནད་འགག་ཅིག་ཡིན་ལ། ནོར་འཁྲུལ་ཅུང་ཟད་བྱུང་ན་ངལ་བ་འབྲས་མེད་དུ་འགྱུར་སྲིད།

ཐང་ག་འབྲི་བཞེངས་ཐད་གཟབ་ནན་བྱ་དགོས་ཏེ། འབྲི་རིམ་ཚང་མ་ལག་རྩལ་གྱི་ཉམས་སད་དང་བཟོད་བསྲན་གྱི་སྦྱོང་བརྡར་ཞིག་ཀྱང་རེད། བཟོ་པའི་སྙིང་སྟོབས་འདི་རྒྱུད་འཛིན་བྱས་ན། ད་གཟོད་ཐང་ག་སྒྱུ་རྩལ་དེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འོད་སྟོང་འབར་བའི་ལམ་བུར་སྙེག་ཐུབ།

སྙིང་འབུམ་གྱིས་ཕྱིར་དྲན་བྱས་དོན། ལོ་བཅུ་གཉིས་ཀྱི་སྐབས་སུ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཤ་བོ་ཚེ་རིང་ལ་བསྟེན། དགུན་གནང་ཐོན་ལ་ཉེ་དུས། ཁོས་དགེ་རྒན་གྱི་འགྲམ་དུ་སེམས་རྣལ་ལ་ཕབ་ནས་ལོ་དྲུག་རིང་ཉིན་གཅིག་ལྟར་སློབ་སྦྱོང་རྒྱུན་འཁྱོངས་བྱས་པས། ཁོ་རང་ལོ་བཅོ་བརྒྱད་ཀྱི་སྐབས་སུ་དགེ་རྒན་གྱི་ཐོག་མའི་ཁས་ལེན་ཐོབ་པ་དང་། ཐོག་དང་པོར་རང་ཉིད་གཅིག་པུས་ཐང་ག་འབྲི་བཞེངས་ལེགས་འགྲུབ་བྱུང་།

སྙིང་འབུམ་གྱིས་ལོ་ཉི་ཤུའི་སྐབས་སུ་སློབ་མ་སྐྱོང་ཐུབ་ཀྱང་། ཁོས་ལག་རྩལ་སློབ་སྦྱོང་བྱེད་པའི་མཚམས་བཞག་མ་མྱོང་། རྗེས་སུ། ཁོས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་དགེ་རྒན་ལའོ་ཅཱ་ཁོན་གྱི་རྗེས་འབྲངས་ཏེ་མ་ལག་ལྡན་པའི་སྒོ་ནས་རྒྱའི་སྲོལ་རྒྱུན་གཟབ་བྲིས་རི་མོ་སློབ་སྦྱོང་བྱས། ཁོས་སྤོབས་པ་ཆེན་པོས་ཚོད་ལྟ་བྱས་པ་སྟེ། ཐང་ག་འབྲི་བཞེངས་ཐད་ཀྱི་གསེར་བཀོལ་བའི་ལག་རྩལ་དང་རྒྱའི་གཟབ་བྲིས་རི་མོའི་ཐིག་རིས་འབྲི་སྟངས་མཉམ་འདྲེས་བྱས་པས། ཕུལ་དུ་བྱུང་བའི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་རིམ་གྱིས་གྲུབ་ཡོད།

2006ལོའི་ཟླ8པར། སྙིང་འབུམ་གྱི་རྨ་ལྷོ་ཁུལ་གྱི་ཐང་གའི་སྒྱུ་རྩལ་གླིང་སྟེ་མཚོ་སྔོན་རྨ་ལྷོ་ཁུལ་གྱི་རེབ་གོང་སྒྱུ་རྩལ་གླིང་གསར་སྒྲུབ་བྱས། ཁོས་རེབ་གོང་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་བྱེད་པར་ཕོ་མོ་དང་ཕྱི་ནང་གི་ཁྱད་པར་ཡོད་པའི་སྲོལ་རྙིང་གིས་ཚོད་འཛིན་བྱས་ཡོད་པ་གསལ་བོར་ཤེས་ཡོད། དེར་བརྟེན། ཁོས་བློ་ཐག་རྦད་ཆོད་ཀྱིས་སྲོལ་རྒྱུན་གྱི་བཀག་རྒྱ་གཏོར་ནས་ཐང་གའི་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་མི་ཚང་མར་སྒྱུ་རྩལ་གླིང་གི་སྒོ་མོ་ཡངས་པོར་ཕྱེས།

སྙིང་འབུམ་གྱིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཚོགས་འདུའི་སྟེང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དམིགས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཞུགས་དང་ངལ་རྩོལ་གྱི་ཆ་རྐྱེན་སྔར་ལས་ལེགས་པོ་བསྐྲུན་དགོས་ཤིང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་ལ། ཁོང་གི་གསུངས་དང་ངས་སྒྱུ་རྩལ་གླིང་བསྐྲུན་པའི་ཐོག་མའི་སེམས་འདུན་གཉིས་ཀ་མ་གྲོས་གཅིག་མཐུན་རེད། ངས་རེབ་གོང་ཐང་གའི་སྒྱུ་རྩལ་དེ་ཁྱིམ་རྒྱུད་ཀྱིས་རྒྱུད་འཛིན་བྱེད་པ་དང་དགེ་སློབ་ཀྱིས་རྒྱུད་འཛིན་བྱེད་པ་ནས་སྤྱི་ཚོགས་ཡོངས་ཀྱིས་རྒྱུད་འཛིན་བྱེད་པར་རྒྱ་སྐྱེད་པ་དང་། རིན་མེད་སྒོས་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བྱིས་པ་དང་དྭ་ཕྲུག་སློབ་མ་བསྡུས་ནས། ཁོ་ཚོར་ཉལ་ཁང་དང་ཟ་མ། གཏེར་རྫས་ཚོན་རྩི་སོགས་ཆ་རྐྱེན་སྟབས་བདེ་འདོན་སྤྲོད་བྱས་ནས་ཐང་ག་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རེ་རེ་བཞིན་འབྲི་བཞེངས་ལག་རྩལ་ཁྲིད་པ་ནི། མི་སྔར་ལས་མང་པོས་ངལ་རྩོལ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་དུ་འཇུག་པའི་ཆེད་དུ་ཡིན་ཟེར།

སྙིང་འབུམ་གྱིས་ཐོག་མཐའ་བར་གསུམ་དུ་ཐང་ག་སྒྱུ་རྩལ་ནི་རིག་གནས་ཀྱི་སྙིང་ནོར་ཡིན་པར་མ་ཟད་མི་ཚེ་གང་བོར་སློབ་ཆོག་པའི་ལག་རྩལ་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད། ཁོས་སེམས་ཞིབ་མོས་སློབ་སྟོན་བྱས་པས། སློབ་མ་མང་པོ་ཐང་ག་འབྲི་བཞེངས་ལ་བྱང་ཆ་མེད་པ་ནས་རང་རྐྱ་འཕེར་བའི་རི་མོ་མཁན་དུ་གྱུར་ཡོད། ད་སྐབས། མི་སྟོང་གཉིས་ལྷག་གིས་ཁོའི་སྒྱུ་རྩལ་གླིང་དུ་སློབ་སྦྱོང་བྱས་ནས་གྲུབ་འབྲས་བླངས་ཤིང་། དེའི་ཁྲོད་ཀྱི་སྒྱུ་རྩལ་པ་བརྒྱད་བརྒྱ་ལྷག་རེབ་གོང་ཐང་གའི་སྒྱུ་རྩལ་ལ་སྲུང་སྐྱོབ་དང་། དེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་ལ། རྨ་ལྷོ་ཁུལ་གྱི་རིག་གནས་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་བར་འཇོན་མིའི་རྨང་གཞི་བརྟན་པོ་བཏིངས།

སྙིང་འབུམ་གྱིས་ངོ་སྤྲོད་བྱས་དོན། སྒྱུ་རྩལ་ཁང་གིས་སྒོ་འབྱེད་རྣམ་པའི་སློབ་ཁྲིད་བྱེད་སྟངས་རྒྱུན་འཁྱོངས་བྱས་པར་བརྟེན། ད་ལྟ་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་སློབ་མ་དོན་གསུམ་གྱིས་གནས་འདིར་ལག་རྩལ་སྦྱོང་བཞིན་ཡོད། ཐང་ག་སྦྱོང་བར་ངག་བརྒྱུད་བློ་ཁྲིད་ལ་དོ་སྣང་བྱེད་པར་མ་ཟད། ལག་རྩལ་སྦྱོང་ན་སྔོན་ལ་ཀུན་སྤྱོད་སྐྱེད་སྲིང་བྱེད་པར་དེ་བས་དོ་སྣང་བྱེད། ཁོའི་སེམས་ཞིབ་མོའི་ཁྲིད་སྟོན་འོག  ན་གཞོན་སློབ་མ་ཚོས་བྱང་ཆ་ལྡན་པའི་སྒོ་ནས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱངས་པ་བྱས་ཤིང་། སྲོལ་རྒྱུན་རིག་གནས་ཀྱི་བརླན་སའི་ཁྲོད་ཐུན་མིན་གྱི་མཛེས་དཔྱོད་ལྟ་བ་ཆགས་ཡོད། ཉིན་རེ་རེར་སྦྱོང་བརྡར་བྱས་ནས་ན་གཞོན་སློབ་མ་རྣམས་ཀྱི་ངང་རིང་བབ་ཆགས་ཀྱི་གཤིས་ཀ་ཆགས་པར་བྱས་ལ། ཁོ་ཚོས་བཟོ་པའི་སྙིང་སྟོབས་ལ་གོ་བ་ཟབ་མོ་ལེན་པར་རོགས་རམ་བྱས།

གཟེངས་བསྟོད་ཚོགས་ཆེན་སྟེང་། ཤེས་བྱའི་རྣམ་པ་དང་རྩལ་ནུས་ཀྱི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་བའི་དཔུང་སྡེ་འབད་པས་འཛུགས་དགོས་པའི་འབོད་སྐུལ་བཏང་བས། སྙིང་འབུམ་གྱིས་ལག་རྩལ་སློབ་ཁྲིད་བྱས་ནས་སློབ་མ་སྐྱོང་བའི་ཆོད་སེམས་ཇེ་བརྟན་དུ་བཏང་། ཁོས་ན་གཞོན་ཐང་གའི་རི་མོ་མཁན་ལ་གཏེར་རྫས་ཚོན་རྩི་སྡེབ་སྦྱོར་བེད་སྤྱོད་ལག་རྩལ་དང་། སྐྱ་རིས་ཕབ་པའི་ལག་རྩལ། ཚོན་རྩི་བྱུགས་པའི་ལག་རྩལ། གསེར་ཐིག་བརྒྱན་པའི་ལག་རྩལ་སོགས་ལག་རྩལ་ཟབ་སྦྱོང་རབ་དང་རིམ་པ་སྤེལ་བ་དང་། ལག་རྩལ་དང་ཐབས་ལམ་ལ་བྱང་ཆ་མེད་པའི་ན་གཞོན་རི་མོ་མཁན་གྱིས་ཐང་ག་འབྲི་ཤེས་པ་ནས་ཡག་པོར་འབྲི་བ་མངོན་འགྱུར་བྱུང་།

ཉི་མའི་འོད་ཟེར་གྱིས་རེབ་གོང་གི་ས་གཞིར་ཆེན་མོ་གསེར་ལམ་ལམ་དུ་སྣང་བར་བྱས་ཤིང་། སྙིང་འབུམ་གྱི་རེབ་གོང་སྒྱུ་རྩལ་གླིང་དུ། གཏེར་རྫས་ཚོན་རྩི་ཞིབ་མོར་བརྡར་བའི་སྒྲ་དང་འབྲི་སྨྱུག་གི་སྒྲ་དེ་ཐུན་མོང་མ་ཡིན་པའི་ངལ་རྩོལ་གྱི་རོལ་དབྱངས་ཤིག་ཏུ་གྲུབ། ཕྱོགས་བཞིར་དགའ་སྤྲོའི་རྣམ་པས་ཁེངས་དུས། སྙིང་འབུམ་དང་ཁོའི་སྒྱུ་རྩལ་གླིང་གིས་ཆེས་དད་མོས་ཀྱི་རྣམ་འགྱུར་ལས་ཐང་གའི་སྒྱུ་རྩལ་གྱི་ཞིང་སར་རྩ་བ་ཚུགས་པར་བྱས་ཤིང་། བརྟན་སྲུང་དང་དགའ་མོས་ལ་བརྟེན་ནས་ངལ་རྩོལ་བའི་ལྷད་མེད་ཀྱི་ཐོག་མའི་སེམས་འདུན་མཚོན་པར་བྱས།

ལྷ་མོ་འཚོས་བསྒྱུར།