ལག་རྩལ་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་མ་མགོ་སྡེ་བར། རོང་བོ་དགུ་ཆུ་ལྷུང་ལྷུང་དལ་གྱིས་འབབ་ཀྱིན་སྒྱུ་རྩལ་གྱི་རྔམས་ཁ་མཐུག་པའི་ས་གཞི་འདི་བརླན་པར་བྱས། གནས་འདིའི་ཐང་གའི་སྒྱུ་རྩལ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་ཤིང་། ལོ་ངོ་ང་བརྒྱད་ལ་བུད་པའི་ཐང་གའི་མཛེས་རྩལ་དགེ་རྒན་བཀྲ་ཤིས་རྒྱ་མཚོ་ནི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་ཞིག་ཡིན།
ཉེ་ལམ། གསར་འགོད་པ་རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་ཐོན་པ་ན། བཀྲ་ཤིས་རྒྱ་མཚོས་སློབ་མ་ཚོར་སྐྱ་ཐིག་ཕབ་ཚུལ་ལ་མཛུབ་སྟོན་བྱས་ནས། གཏེར་དངོས་ཚོན་རྩི་དེས་འབྲི་རས་སྟེང་ཚོན་མདོག་སྣ་ཚོགས་བྱུགས་ཀྱིན་ཡོད་ལ། སློབ་མ་བཅུ་ཕྲག་ལྷག་གིས་བློ་རིག་སྒྲིམ་ནས་ཐང་ག་འབྲི་བཞེངས་བྱེད་ཀྱིན་འདུག
བཀྲ་ཤིས་རྒྱ་མཚོས་རང་གིས་ཐང་ག་སྦྱང་པའི་གནས་ཚུལ་སྐོར་ལ་ཕྱིར་དྲན་བྱས་ནས་བཤད་རྒྱུར། ངས་ལོ་བཅུ་དྲུག་སྐབས་སུ་དགེ་རྒན་བསྟེན་ནས་ཐང་གའི་སྒྱུ་རྩལ་སློབ་སྦྱོང་བྱས་ཤིང་། ད་བར་དུ་ཐང་གའི་སྒྱུ་རྩལ་གྱི་ལས་ལ་ཞུགས་ནས་ལོ་ངོ་ཞེ་གཉིས་འགོར་ཡོད་ཟེར། ཐང་ག་འབྲི་བཞེངས་ཀྱི་ལས་ལ་ཞུགས་པ་ནས་བཟུང་། ཁོས་ཉིན་མཚན་དབྱེར་མེད་དུ་ཐང་ག་འབྲི་བཞེངས་ཀྱི་ཐབས་ལམ་ལ་ཞིབ་འཇུག་བྱས་ཤིང་། དགེ་རྒན་གྱི་སྣེ་ཁྲིད་འོག ཞིང་ཆེན་ཕྱི་ནང་དུ་སོང་ནས་རི་མོ་བྲིས་པ་དང་། ཐང་ག་འབྲི་བཞེངས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་།
རང་གི་ལྷན་སྐྱེས་དང་འབད་བརྩོན་ལ་བརྟེན་ནས། བཀྲ་ཤིས་རྒྱ་མཚོའི་ཐང་གའི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ནུས་རྩལ་གཟེངས་སུ་ཐོན་པས། མཚོ་སྔོན་གྱི་སྐུ་འབུམ་དགོན་པའི་ཐང་གའི་ལྡེབས་རིས་ལྔ་བརྒྱ་ལྷག་ཞིག་གསོ་བྱས་པ་དང་། ཧྲན་ཞིའི་རྒྱ་ནག་རི་བོ་རྩེ་ལྔར་ཐང་གའི་ལྡེབས་རིས་བཞི་བརྒྱ་ལྷག་འབྲི་བཞེངས་བྱས། ཁོས་འབྲི་བཞེངས་བྱས་པའི་ཐང་གའི་བརྩམས་ཆོས་མང་ཤོས་ཀྱིས་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་ངེས་ཅན་ཐེབས་པ་དང་། རྒྱལ་ཁབ་རྟེན་མཛོད་གླིང་དང་ཀྲུང་གོའི་མཛེས་རྩལ་ཁང་སོགས་སྒྱུ་རྩལ་གླིང་མང་པོར་བཤམས་ཡོད་ལ། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དགེ་རྒན་གྱི་སྤུས་ལེགས་བརྩམས་ཆོས་འགྲེམ་སྟོན་དང་རིག་གནས་ཐོན་ལས་འགྲེམ་སྟོན་ཚོགས་འདུའི་སྟེང་གསེར་གྱི་རྟགས་མ་མང་པོ་ཐོབ།
ཐང་གའི་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པ་ནས་བཟུང་། བཀྲ་ཤིས་རྒྱ་མཚོས་མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་བཞག་མ་མྱོང་ཞིང་། 2013ལོར། ཁོ་དང་ཁོའི་ཕུ་བོ་ཆོས་གྲགས་གཉིས་ཀྱིས་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་བཞེངས་བསྐྲུན་བྱས་ཏེ། ཐང་གའི་སྒྱུ་རྩལ་སློབ་སྦྱོང་དང་འགྲེམ་སྟོན། སློབ་མ་སྐྱེད་སྲིང་བྱེད་པ་བཅས་ཀྱི་སྟེགས་བུར་བརྩིས་ནས། རེབ་གོང་ཐང་གའི་རིག་གནས་ཡར་རྒྱས་གོང་འཕེལ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།
བཀྲ་ཤིས་རྒྱ་མཚོས་དགེ་རྒན་གྱིས་ང་ལ་ཐང་གའི་སྒྱུ་རྩལ་ནི་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་དགོས་ཞེས་བཤད་མྱོང་ཡོད་ཟེར། དེར་བརྟེན། ཁོས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། རིག་གནས་རྒྱུན་འཛིན་གྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད།
སྒྱུ་རྩལ་གླིང་དུ། བཀྲ་ཤིས་རྒྱ་མཚོ་ནི་དགེ་རྒན་གཟབ་ནན་ཞིག་ཡིན་པར་མ་ཟད། བྱམས་བརྩེ་ལྡན་པའི་རྒན་རབས་པ་ཞིག་ཡིན་ཕྱིར། སྐྱ་ཐིག་ཕབས་པ་ནས་ཚོན་མདོག་བྱུགས་པ་དང་། གཏེར་ཐོན་ཚོན་རྩི་བརྡར་བ་ནས་འབྲི་རས་བཟོ་བའི་བར། ཁོས་གཅིག་གཅིག་གཉིས་གཉིས་བྱས་ནས་ཁྲིད་ཀྱིན་ཡོད། ཁོས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པར་ཕོ་མོ་དང་ཕྱི་ནང་གི་ཁྱད་པར་ཡོད་པའི་སྲོལ་རྙིང་གི་བཀག་རྒྱ་དོར་ཏེ། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ཐང་ག་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་སློབ་མ་བསྡུས་པས། ད་བར་རེབ་གོང་ཐང་གའི་སྒྱུ་རྩལ་པ་བདུན་བརྒྱ་ལྷག་སྐྱེད་སྲིང་བྱས་ཡོད་ལ། ཁོ་ཚོ་ཚང་མ་རེབ་གོང་རིག་གནས་བརྒྱུད་སྒྲོག་བྱེད་མཁན་དུ་གྱུར་ཡོད།
ལོ་ཉེར་བརྒྱད་ལ་བུད་པའི་དབང་ཕྱུག་ནི་བཀྲ་ཤིས་རྒྱ་མཚོའི་བུ་གསུམ་པ་ཡིན་ལ། སྒྱུ་རྩལ་གླིང་དུ་བློ་རྩེ་སྒྲིམ་ནས་ཐང་ག་འབྲི་བཞེངས་ལ་སློབ་སྦྱོང་བྱས་ཏེ་ལོ་ངོ་དགུ་འགོར་ཡོད། ཁོས་བཤད་རྒྱུར། ནམ་རྒྱུན་ཨ་ཕས་ཚང་མར་ཕྱོགས་རིས་མེད་པར་ནན་ཏན་གྱིས་སློབ་སྟོན་བྱེད་ཀྱིན་ཡོད་ལ། རང་གིས་སྦྱངས་པའི་ཐང་ག་འབྲི་བཞེངས་བྱེད་ཐབས་ཚང་མ་གཅིག་ཀྱང་མ་ལུས་པར་ཁྲིད་པས། ལན་རེར་ནམ་གུང་དུ་ཐང་ག་འབྲི་བཞེངས་ཐད་ཀྱི་གནད་དོན་ལ་འཕྲད་སྐབས་སུ་ཁོས་ངང་རྒྱུད་རིང་པོས་ང་ཚོར་གསལ་བཤད་བྱ་སྲིད་ཟེར། དབང་ཕྱུག་གི་སེམས་ཁོང་དུ་ཨ་ཕ་ནི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་བའི་ཐང་གའི་དགེ་རྒན་ཞིག་ཡིན་པར་མ་ཟད། ཁོ་རང་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་དགེ་རྒན་ཆེས་གལ་ཆེ་ཤོས་དེ་རེད།
དབང་ཕྱུག་གིས་བཤད་རྒྱུར། ཨ་ཕས་ནམ་རྒྱུན་ཐང་གའི་སྒྱུ་རྩལ་ནི་བསླབ་ནས་ཚར་རྒྱུ་མེད་པའི་སྒྱུ་རྩལ་ཞིག་ཡིན་ཕྱིར། ལོ་ངོ་ཅི་ཙམ་འགོར་ཡང་སེམས་རྣམ་དུ་ཕབ་ནས་འབྲི་བཞེངས་བྱེད་དགོས་ལ། ཐང་ག་རྒྱུན་འཛིན་བྱེད་དགོས་ཟེར། ཁོས་ཐོག་མཐའ་བར་གསུམ་དུ་རང་གི་ཨ་ཕ་མིག་དཔེར་བཟུང་སྟེ། མུ་མཐུད་དུ་ཐང་གའི་སྒྱུ་རྩལ་གྱི་བགྲོད་ལམ་དུ་མདུན་སྐྱོད་བྱས།
བཀྲ་ཤིས་རྒྱ་མཚོའི་ཤུགས་རྐྱེན་འོག དབང་ཕྱུག་དང་ཁོའི་ཕུ་བོ་གཉིས་ཀ་ཐང་གའི་སྒྱུ་རྩལ་གྱི་ལམ་དུ་ཞུགས། ད་སྐབས། སྒྱུ་རྩལ་གླིང་གི་སློབ་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ད་རུང་ས་ཕྱོགས་མི་འདྲ་བ་ནས་ཡོང་བའི་ན་གཞོན་མང་པོ་ཞིག་གིས་ཐང་གའི་སྒྱུ་རྩལ་ལ་བཅངས་པའི་བརྩེ་བ་ཁྱེར་ནས་གནས་འདི་རུ་སློབ་སྦྱོང་བྱས་ཏེ་འཚར་ལོངས་འབྱུང་གིན་ཡོད།
སློབ་མ་རྣམས་ཀྱིས་གནས་འདི་རུ་ལོ་ངོ་མང་པོ་ཉིན་གཅིག་ལྟར་ཐང་གའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས་ནས། ཐང་གའི་སྒྱུ་རྩལ་དེ་ལུས་སེམས་གཉིས་བརྟེན་སའི་ནུས་པ་ཞིག་ལ་བརྩིས་པར་མ་ཟད། རང་འགུལ་གྱིས་རྒྱུན་འཛིན་གྱི་འགན་འཁྲི་འཁུར་བ་དང་། རང་རྐྱ་འཐུབ་རྗེས་དགེ་རྒན་བཀྲ་ཤིས་རྒྱ་མཚོ་བཞིན་དུ་སློབ་མ་བསྐྱངས་ནས་ལག་རྩལ་ཁྲིད་རྒྱུ་རེད། སློབ་མས་ཀྱང་སློབ་མ་བསྐྱངས་རྗེས། ཐང་གའི་སྒྱུ་རྩལ་གྱི་དཔུང་ཁག་ཇེ་ཆེར་གྱུར་ཞིང་། བཀྲ་ཤིས་རྒྱ་མཚོས་རི་མོ་བ་ཉིས་སྟོང་ལྷག་ཐང་ག་སྒྱུ་རྩལ་གྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས།
སྒྱུ་རྩལ་གླིང་དུ། སློབ་མ་རྣམས་ཀྱིས་དམིགས་པ་རྩེ་གཅིག་ཏུ་གཏད་ནས་ཐང་ག་འབྲི་བཞེངས་བྱེད་ཀྱིན་ཡོད་ལ། བཀྲ་ཤིས་རྒྱ་མཚོའི་གདོང་ལ་ཡིད་ཚིམ་པའི་འཛུམ་གྱིས་ཁེངས་འདུག ཁོས་ཐང་གའི་སྒྱུ་རྩལ་དེ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་རྗེས། སྔར་ལས་བཀྲག་མདངས་འཚེར་བ་ཞིག་ཏུ་འགྱུར་སྲིད་ལ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཁོ་ཚོས་འབྲི་སྨྱུག་ལ་བརྟེན་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་མཚོན་པར་བྱས་པས། རེབ་གོང་ཐང་གའི་སྒྱུ་རྩལ་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མུ་མཐུད་དུ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་སྲིད།
ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ། ཐང་ག་ནི་སྒྱུ་རྩལ་རིགས་ཤིག་ཡིན་པར་མ་ཟད། བསམ་བློའི་མཚོན་རྟགས་ཤིག་དང་། རེབ་གོང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་གྱི་གསོན་ཉམས་ལྡན་པའི་འདྲ་རིས་ལྟ་བུ་ཞིག་ཡིན་ཕྱིར། ང་ཚོར་སྲོལ་རྒྱུན་རིག་གནས་དེ་དུས་རབས་གསར་བའི་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་གསོན་ཉམས་ལྡན་པའི་རྣམ་པ་ཚོར་དུ་བཅུག
ད་སྐབས། བཀྲ་ཤིས་རྒྱ་མཚོ་ལྟ་བུའི་ཐང་ག་སྒྱུ་རྩལ་བ་མང་པོས་ལོ་ངོ་མང་པོའི་དགའ་མོས་དང་ཞིབ་འཇུག་ལ་བརྟེན་ནས། རེབ་གོང་ཐང་གའི་སྒྱུ་རྩལ་དེ་ས་ཕྱོགས་མང་པོར་ཁྱབ་པར་བྱས་ཏེ། འདས་མ་འོངས་ད་ལྟ་བཅས་སྦྲེལ་མཐུད་བྱེད་པའི་རིག་གནས་ཀྱི་བརྡ་རྟགས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།