མཚོ་འཕང་ལ་སྨི4500ཡན་དུ་གནས་པའི་གཙང་གསུམ་འབྱུང་ཡུལ་གྱི་རྨ་སྟོད་རྩྭ་ཐང་དུ། དགུན་ཁ་བ་བུ་ཡུག་དང་དབྱར་ཆར་རླུང་སྨུག་ལོང་ཁྲོད་རུ་ཁ་དང་ཁྱིམ་མཚེས་བརྒྱུད་ནས་མང་ཚོགས་ཀྱི་རྩོད་གཞི་ཞི་འཇགས་སུ་གཏོང་བའི་འབྲོག་པ་ཞིག་ཡོད། ཁོ་ལ་རྒྱལ་ཡོངས་ཀྱི་མི་དམངས་འདུམ་སྒྲིག་དཔེ་སྟོན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་འདུམ་སྒྲིག་པའི་འཇོན་མི། ཁུལ་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བའི་སྔོན་ཐོན་མི་སྒེར་བཅས་ཀྱི་མཚན་སྙན་ཐོབ་ཡོད། ཁོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་རྒྱ་སྒོ་སྡེ་བའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་རིང་རེད།
ཚེ་རིང1997ལོ་ནས་བཟུང་མི་དམངས་འདུམ་སྒྲིག་གི་བྱ་བར་ཞུགས། ད་ལྟ་ལོ59ལ་སླེབས་པའི་ཁོང་གིས་སྔར་བཞིན་གོམ་སྟབས་མཚམས་མི་འཇོག་པར་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་འགལ་བ་དང་རྩོད་གཞི་སེལ་བཞིན་ཡོད།
“ཁོ་ཚོའི་སེམས་པ་བདེ་ལ་བབས་པ་མཐོང་ཚེ། ལམ་བུ་འདིའི་དཀའ་ངལ་ཚང་མ་ང་ལ་མཚོན་ན་ཆེས་གླེང་རིན་ཡོད་པའི་དོན་ཞིག་ཡིན།”
ཁོས་ཕྱིར་དྲན་བྱེད་དུས། 1997ལོ་སྟེ་རང་ལོ20ལ་བུད་པའི་ལོ་དེར་ཐོག་དང་པོར་སྡེ་བའི་འགལ་ཟླ་འདུམ་སྒྲིག་བྱེད་དུ་སོང་། དུས་དེ་ནས་བཟུང་མི་དམངས་འདུམ་སྒྲིག་དང་འབྲེལ་བ་དམ་ཟབ་བྱུང་ཞེས་བཤད་ཆོག
བྱ་བ་སྔ་མོ་ནས་ལས་མགོ་བརྩམ་ཆེད། ཚེ་རིང་གྲོང་རྡལ་ཡོངས་ཀྱི་སྲིད་འཛིན་སྡེ་བ8ལ་སོང་ནས་སྡེ་བ་སོ་སོའི་འགལ་བ་དང་རྩོད་གཞིའི་གནས་ཚུལ་རྒྱུས་ལོན་བྱས།
ཉིན་ནས་ཟླ་དང་། ཟླ་ནས་ལོ་འགོར་རྗེས། རྩོད་གཞི་གང་འདྲ་ཞིག་ལ་གདོང་གཏོད་དགོས་ཀྱང་། སྐབས་བསྟུན་ཐག་གཅོད་དང་ཛ་དྲག་གི་འགལ་ཟླ་འོས་འཚམ་གང་ལེགས་སྒོས་འདུམ་སྒྲིག་བྱེད་པ་དེ་ནི་ཚེ་རིང་གི་བྱེད་ཐབས་གཙོ་བོ་ཞིག་རེད།
རྒྱ་སྒོ་སྡེ་བ་ནས་མཛོ་རྒན་རྭ་བར་གྲོང་རྡལ་དང་། དེ་ནས་རྨ་སྟོད་རྫོང་གི་འདུམ་སྒྲིག་ལས་སྒྲུབ་བྱེད་སའི་གནས་ལ་འགྱུར་བ་གང་མང་བྱུང་མོད། འོན་ཀྱང་འགྱུར་བ་མེད་པ་ནི་ཁོང་གི་ནམ་ཡང་མི་དམངས་འདུམ་སྒྲིག་གི་ལས་ལ་འབད་བཞིན་པའི་བསམ་པ་དེ་རེད། ཐོག་མར་རུ་སྐོར་ཁྱིམ་མཚེས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། བར་དུ་གྲོང་རྡལ་དུ་འདུམ་སྒྲིག་བྱེད་དུ་འགྲོ་བ། ཚེ་རིང་གིས་རང་འགུལ་གྱིས་སྡེ་བའི་གནས་ཚུལ་རྒྱུས་ལོན་བྱེད་ཀྱིན་ཡོད་པར་མ་ཟད། སྡེ་བའི་གནད་དོན་ཟིན་ཐོར་འགོད་པ་དང་སྡེ་མིའི་འདོད་བློ་དྲིས་ནས་ཡུལ་དངོས་སུ་ཐག་གཅོད་བྱེད་ཐུབ་པ་དག་ཐག་གཅོད་བྱེད་པ་དང་། ཐག་གཅོད་བྱེད་མི་ཐུབ་པ་དག་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་། དེ་ནས་གྲོང་རྡལ་ལ་སྙན་སེང་ཞུ་བཞིན་ཡོད་པས་བྱ་བ་དེ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། མིག་སྔའི་བར་དུ་དམངས་ཀྱི་འགལ་བ་དང་རྩོད་གཞི1000ཙམ་འདུམ་སྒྲིག་དང་ཐག་གཅོད་བྱས་ཤིང་། ལེགས་འགྲུབ་བྱུང་ཚད100%ལ་སླེབས་པ་དང་། དེའི་ཁྲོད་འགལ་ཟླ་དང་རྩོད་གཞི་ཆེ་གྲས410ལྷག་ཡོད། མགོ་ཁྲིད་དང་ལས་གྲོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་པར་མ་ཟད།“ཁུལ་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བའི་སྔོན་ཐོན་མི་སྒེར”དང“ཞིང་ཆེན་ཡོངས་ཀྱི་མི་དམངས་འདུམ་སྒྲིག་འཇོན་མིའི”མཚན་སྙན་ཡང་ཐོབ་པ་རེད།
2008ལོའི་དབྱར་ཁ་ཞིག་ལ། རྒྱ་སྒོ་སྡེ་བའི་སྡེ་མི་གཉིས་བར་རྩྭ་ཐང་གི་བེད་སྤྱོད་དབང་ཆ་རྩོད་པའི་འགལ་བ་བྱུང་། ཚེ་རིང་གིས་གནས་ཚུལ་དེ་ཤེས་རྗེས། འཕྲལ་མར་སྡེ་མི་དང་མཉམ་དུ་གནད་དོན་རྩད་གཅོད་བྱེད་དུ་སོང་། ཁོ་ཚོ་སྤྱི་ལེ50ལ་རྐང་ཐང་དུ་སོང་ནས་སྡེ་མིའི་ཁྱིམ་དུ་སླེབས་ཚེ་ཉིན་གུང་རེད། རྩྭ་ས་ནི་འབྲོག་པ་རྣམས་ཀྱི་སྲོག་ལྟ་བུ་ཡིན་པ་ཤེས་པའི་ཚེ་རིང་གིས་ལམ་རིང་བོར་དུས་ཚོད་བརྩོན་ལེན་བྱས་ཏེ་ཉིན་གུང་གི་ཟས་ཟ་བའི་དུས་ཚོད་ཀྱང་མེད་པར་འདུམ་སྒྲིག་གི་བྱ་བ་སྤེལ་མགོ་བརྩམས་ཤིང་། མཐར་དུས་ཡུན་རིང་པོར་ནར་འགྱངས་བྱས་པའི་རྩྭ་སའི་རྩོད་གཞི་དེ་ཁོའི་འབད་བརྩོན་འོག་ལེགས་འགྲུབ་བྱུང་།
རྒན་པོ་ཚེ་ལོ་ཐར་གྱིས་རྩྭ་སའི་གནད་དོན་ཐག་གཅོད་བྱས་ནས་ལོ10ལྷག་འགོར་ཡོད་མོད། ཡུན་རིང་འདུམ་སྒྲིག་བྱེད་མ་ཐུབ་པར་ལུས་པའི་རྩྭ་སའི་དོན་དག་ཐག་གཅོད་བྱས་ཏེ་ཁྱིམ་མཚེས་གཉིས་ཕན་ཚུན་འགྲིག་མཐུན་བྱུང་ཞིང་། དེང་སྐབས་ཕན་ཚུན་འགྲོ་འོང་དང་རོགས་རེས་ཀྱི་ལས་ལ་འབད་བཞིན་ཡོད་ཟེར།
“འདུམ་སྒྲིག་པ་ཚེ་རིང་ནི་ངེད་རུ་སྐོར་ཁྱིམ་མཚེས་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ། ཁོའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད།”
མི་དམངས་འདུམ་སྒྲིག་གི་བྱ་བ་སྒྲུབ་པའི་ཚུན་ལ་དམངས་ཁྲོད་ཀྱི་རྩོད་གཞི་སྣ་ཚོགས་ནུས་ལྡན་ངང་ཐག་གཅོད་བྱས་ཤིང་། འདུམ་སྒྲིག་བྱ་བའི་བརྒྱུད་རིམ་ཁྲོད། མི་དམངས་འདུམ་སྒྲིག་པས་འདུམ་སྒྲིག་བྱེད་ཐབས་སྣ་ཚོགས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་པ་དང་འབྲེལ་ཁྲིམས་དཔོན་དང་ཉམས་མྱོང་བརྗེ་རེས་བྱས།
མི་དམངས་འདུམ་སྒྲིག་པ་ཚེ་རིང་གིས་གྱོད་གཞིའི་དོན་དངོས་ཁ་གསལ་ཞིང་། དབང་ཆ་དང་འོས་འགན་གྱི་འབྲེལ་བ་གསལ་བ། རྩོད་དོན་ཆེན་པོ་མེད་པ་དག་ཐོ་འགོད་བྱས་རྗེས་འཕྲལ་མར་ཁྲིམས་སའི་མདུན་དང་འདུམ་སྒྲིག་བྱ་བ་བསྒྲུབས་ནས། གཏུག་བཤེར་བྱེད་པར“དོན་དག་ཇེ་ཆུང་དུ་གཏོང་བ”དང་། མང་ཚོགས་ཀྱི“ཁུར་པོ་ཇེ་ཡང་དུ་གཏོང་བར”འབད་པ་བྱས། ཁོས་སྤུས་ཚད་མཐོ་བ་དང་། མ་རྩ་དམའ་བ། སྣ་མང་ཅན་བཅས་ཀྱི་འགལ་བ་སེལ་བའི་བྱེད་ཐབས་སྤྱད་དེ་རྩོད་གཞི་ཐག་གཅོད་ཀྱི་ལས་ཕྱོད་མཐོར་འདེགས་དང་། དུས་མཚུངས་སུ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། འགལ་བ་དང་རྩོད་གཞི་སྔ་མོ་ནས་འདུམ་སྒྲིག་བྱས་པས་མངའ་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་སྲུང་སྐྱོང་ནུས་ལྡན་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད། འདུམ་སྒྲིག་པ་ཚེ་རིང་གིས་རྩོད་གཞི་ཐག་གཅོད་བྱེད་པའི་ཁྱབ་ཁོངས་ནི་སྡེ་བ་ནས་གྲོང་རྡལ་དང་། གྲོང་རྡལ་ནས་རྫོང་གི་བར་ཁོ་ན་ཙམ་མ་ཡིན་པར་ཞིང་ཆེན་གཞན་པའི་འདུམ་སྒྲིག་བྱ་བར་ཡང་འབྲེལ་ཡོད་པས། འདུམ་སྒྲིག་པ་ཚེ་རིང་གི་མིང་དྲིས་ཚེ་ཁོ་རང་ངོ་མི་ཤེས་མཁན་གཅིག་ཀྱང་མེད་ལ། མ་གྲོས་རང་མཐུན་གྱིས་འདུམ་སྒྲིག་བྱ་བ་བསྒྲུབས་པའི་ཐད་ལ་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད།
མཛོ་རྒན་རྭ་བར་གྲོང་རྡལ་གྱི་སྐྱེས་པ་ཞིག་གི་ཆུང་མ་སི་ཁྲོན་ཕྱོགས་ནས་ཡིན་ལ། བཟའ་ཟླ་གཉིས་གཉེན་བསྒྲིགས་ནས་དུས་ཡུན་རིང་པོ་འགོར་རྗེས་ཁྱིམ་དོན་ཙག་ཙིག་གི་ཆེད་དུ་རྩོད་གླེང་བྱུང་། ཁྱོ་གས་རང་གི་ཆུང་མར་གཅར་རྡུང་བྱེད་པའི་ཁྱིམ་ཚང་གི་དྲག་སྤྱོད་ཀྱི་གནས་ཚུལ་མང་དུ་བྱུང་སྟབས། ཁྱོ་ཤུག་གཉིས་སོ་སོར་གྱེས་ནས་བཟའ་འཐོར་བྱེད་རྒྱུ་ཐག་གིས་བཅད་ཀྱང་གཉེན་འཐོར་མ་ཐུབ་པར་ལོ་ངོ་འགའ་འགོར་སོང་།
འདུམ་སྒྲིག་པ་ཚེ་རིང་གིས་དོན་དེ་སེམས་སུ་བླངས་ནས་ཐེངས་མང་པོར་སི་ཁྲོན་དུ་སོང་ནས། ཕྱོགས་གཉིས་ཀར་ཞུ་བ་བྱེད་དགོས་སར་ཞུ་བ་བྱས་པ་དང་། ཁྱིམ་ཚང་བཅའ་ཁྲིམས་ཀྱི་ཐད་ནས་སློབ་གསོ་མང་པོ་བཏང་མྱོང་། “ངར་མ་ལངས། བཟའ་འཐོར་བྱེད་པ་ནི་དོན་ཡག་པོ་ཞིག་མ་རེད། བྱིས་པ་ཕ་མ་དང་ཁ་འབྲལ་དགོས་པས་ང་ཚོས་བསམ་བློ་ཡག་པོ་གཏོང་དགོས། ཁུར་འཛིང་བྱས་ན་གནད་དོན་ཐག་གཅོད་བྱེད་མི་ཐུབ་པར་མ་ཟད། ད་དུང་རྩོད་གཞི་གསར་པ་འབྱུང་སྲིད། ཁྱིམ་ཚང་གི་རྩོད་གཞི་དེ་བས་ཐག་གཅོད་བྱེད་དཀའ་བ་རེད།”དེ་ལྟར་ཁ་ཏ་གང་མང་བྱས་རྗེས་ཕྱོགས་གཉིས་ཀྱི་སེམས་པ་ལྷོད་ལ་བབས།
རྒྱུན་མཐུད་ནས་ཟླ་བ་དྲུག་གི་རིང་འདུམ་སྒྲིག་བྱས་རྗེས། ཕྱོགས་གཉིས་ཀྱིས་མཐར་འདུམ་སྒྲིག་གི་གྲོས་མཐུན་བཞག་པར་མ་ཟད། ད་དུང་ཕན་ཚུན་ལ་དར་གོས་ཕུལ་ནས་འགྲིག་མཐུན་བྱུང་བར་མ་ཟད། འདུམ་སྒྲིག་པ་ཚེ་རིང་ལ་ཁ་བཏགས་འཐེན་ནས་ཐུགས་རྗེ་ཆེ་ཞུས་པ་དང་། “འདུམ་སྒྲིག་པ་ཚེ་རིང་གི་ལག་ཏུ་དོན་དག་ཅི་ཞིག་བཞག་རུང་། མི་འགྲུབ་པ་གཅིག་ཀྱང་མེད། བཟའ་ཚང་འཐོར་ལ་ཉེ་བའི་སྐབས་སུ་ཚེ་རིང་གིས་ཕན་ཚུན་འཆམ་པོ་མཐུན་པོ་བྱུང་དུ་བཅུག་ནས་སྐྱིད་ཀྱི་གཞིས་ཁྱིམ་ལ་དགོད་སྒྲས་ཁེངས་སུ་འཇུག”ཅེས་མཛོ་རྒན་རྭ་བར་གྲོང་རྡལ་གྱི་ཁྲིམས་འཛིན་སའོ་ཡི་སའོ་ཀྲང་གིས་དེ་ལྟར་བསྔགས་བརྗོད་བྱས།
དོན་དག་དེ་དག་ནི་ཚེ་རིང་གིས་ལོ་ངོ28ཀྱི་རིང་འདུམ་སྒྲིག་བྱས་པའི་བྱ་བ་ཙམ་དུ་སྣང་མོད། དུས་ད་ལྟ་ཡིན་ནའང་ད་དུང་མུ་མཐུད་དུ་འདུམ་སྒྲིག་བྱ་བའི་ལམ་ཆེན་སྟེང་རང་ནུས་ཅི་ལྕོགས་ཀྱིས་འབད་བཞིན་ཡོད། །
བན་དེ་སྐྱབས་ཀྱིས་སྒྱུར་སྒྲིག་བྱས།