འབི་གུ་སྐེ་ནག་བསྐྱབས་པའི་བརྩེ་བའི་རྒྱུན་མཐུད་པ།
2025.06.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ལས་བྱེད་མི་སྣས་འབི་གུ་སྐེ་ནག་ལ་བརྟག་དཔྱད་བྱེད་བཞིན་པ།

འབི་གུ་སྐེ་ནག་རང་བྱུང་ཁམས་ཆེན་མོའི་པང་དུ་བསྐྱལ་བ།

རང་བྱུང་ཁམས་ཆེན་མོའི་པང་དུ་ལོག་པའི་འབི་གུ་སྐེ་ནག

ཟླ6པའི་ཚེས3ཉིན་གྱི་ཞོགས་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་སློབ་རའི་ཉེ་འགྲམ་དུ། མཐོང་དཀོན་པའི་འདབ་ཆགས་ཤིག་གིས་ནམ་རྒྱུན་གྱི་ལྷིང་འཇགས་དཀྲོགས་ཤིང་། བརྩེ་བ་དང་འགན་འཁྲིས་ཕྱུག་པའི་རོགས་སྐྱོབ་ཀྱི་འགྲུལ་བཞུད་ཅིག་ལྷོད་ཀྱིས་མགོ་བརྩམས། དུས་ཚོད8དང་སྐར་མ15ཡི་སྟེང་། ཡུས་ཧྲུའུ་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཞིག་གི་རོགས་སྐྱོར་རེ་ཞུ་ཁ་པར་ཞིག་སྣེ་ལེན་བྱས། “ང་ཚོའི་སློབ་རའི་ཉེ་འགྲམ་དུ་རྨས་ཕོག་པ་འདྲ་བའི་འདབ་ཆགས་ཡ་མཚན་ཞིག་ཡོད་པས། ཁྱེད་ཚོ་མྱུར་མོར་བལྟ་རུ་ཤོག་དང”ཟེར།

རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་སྒྲུབ་མི་སྣ་མགྱོགས་མྱུར་ངང་ཡུལ་དངོས་སུ་བསྐྱོད་ཅིང་། ཡུལ་དངོས་སུ་འབྱོར་རྗེས། འདབ་ཆགས་དེས་ལས་སྒྲུབ་མི་སྣའི་མིག་དབང་ཅིག་ཅར་དུ་འཕྲོག དེ་ནི་ལྡེམ་མྱུར་རྩལ་ལ་བྱང་བའི་གར་མཁན་ཞིག་དང་འདྲ་བར། གཞན་དང་མི་མཐུན་པའི་སྒྲོ་སྤུ་དང་སྒེག་ཉམས་ལྡན་པའི་ཕྱི་ཚུལ་གྱིས་མཛེས་པ་གཞན་ཞིག་མངོན་བཞིན་འདུག

ཞིབ་ཏུ་གསལ་འབྱེད་བྱས་པ་བརྒྱུད། ལས་སྒྲུབ་མི་སྣས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་འབི་གུ་སྐེ་ནག་ཡིན་པར་ངོས་འཛིན་བྱས། དེའི་རྗེས་སུ། ལས་སྒྲུབ་མི་སྣས་སེམས་ཆུང་ངང་འབི་གུ་སྐེ་ནག་དེ་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདབ་ཆགས་སྲུང་སྐྱོབ་ས་ཚིགས་སུ་བསྐྱལ།

སྲུང་སྐྱོབ་ས་ཚིགས་སུ། རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ་ཀྲང་ཁའེ་ཡིས་འབི་གུ་སྐེ་ནག་གི་ལུས་ཧྲིལ་པོར་བརྟག་དཔྱད་ཞིབ་མོ་བྱས། འདབ་ཆགས་ཆུང་ཆུང་དེར་གནོད་འཚེ་སྐྱེལ་བར་དོགས་ནས་ཀྲང་ཁའེ་ཡིས་གཟབ་ནན་སྒོས་ལག་འཇམ་པོས་ཞིབ་ལྟ་བྱས། 

ཀྲང་ཁའེ་ཡིས་བཤད་རྒྱུར། “བྱེའུ་ཕྲུག་དེར་རྨས་ཕོག་མེད་ལ། ང་ཚོས་ཚོད་དཔག་བྱས་པ་ལྟར་ན་དེ་ནི་ཕལ་ཆེར་སྐབས་དེར་ཡུས་ཧྲུའུ་རུ་ཁ་བ་འབབ་ཡུན་རིང་བའི་རྐྱེན་གྱིས་དུས་ཡུན་རིང་པོར་རྒུན་བུ་མ་རེག་པས་འཕུར་སྐྱོད་བྱེད་མ་ཐུབ་པ་རེད་སྙམ།”

ཀྲང་ཁའེ་ཡི་སྐད་ཆ་དེར་ཉན་རྗེས། ཚང་མའི་སེམས་ལྷོད་ལ་བབས། དེའི་རྗེས་སུ་ལས་སྒྲུབ་མི་སྣས་འབི་གུ་སྐེ་ནག་ལ་གུང་ཟས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས། རྒུན་བུ་ཟོས་རྗེས་འབི་གུ་སྐེ་ནག་ལའང་རིམ་བཞིན་གསོན་ཤུགས་རྒྱས། ཚང་མས་མཉམ་དུ་གྲོས་མོལ་བྱས་རྗེས། འབི་གུ་སྐེ་ནག་དེ་སླར་ཡང་རང་བྱུང་ཁམས་ཀྱི་ཕང་བར་ལོག་ཏུ་འཇུག་རྒྱུའི་ཐག་བཅད།

ཀྲང་ཁའེ་ཡིས་འབི་གུ་སྐེ་ནག་དེ་ཁྲིད་དེ་རོང་པོ་མཚེའུ་ཡི་འགྲམ་རྒྱུད་དུ་སླེབས་རྗེས། དེར་རང་ཚུགས་སུ་རྒུན་བུ་འཚོལ་དུ་བཅུག་ལ། འབི་གུ་སྐེ་ནག་གིས་ཆུ་ངོགས་སུ་རྩེད་འཇོར་རོལ་བ་དང་ཉ་ཕྲུག་འཛིན་བཟུང་བྱེད་ཐུབ་པ་མཐོང་བས། དེའི་ལུས་ཕུང་གི་གནས་ཚུལ་ཅུང་བཟང་བ་ཤེས། མཇུག་མཐར། ཁོས་གཤོག་ཟུང་བརྐྱངས་ཏེ་རོང་པོ་ཐང་བརླན་སའི་ཕྱོགས་སུ་འཕུར་བས། ཡུལ་དངོས་སུ་ཡོད་པའི་མི་ཚང་མའི་གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་རྒྱས།

རྒྱང་རིང་དུ་འཕུར་བའི་འབི་གུ་སྐེ་ནག་ལ་ལྟ་བཞིན། ཡུས་ཧྲུའུ་ཁུལ་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགན་འཁུར་པ་པ་སངས་ཚེ་རིང་གིས་བཤད་རྒྱུར། “ཐེངས་འདིར་རི་སྐྱེས་འདབ་ཆགས་ལ་རྒྱལ་ཁའི་ངང་རོགས་སྐྱོབ་བྱས་པ་འདི་ནི། ལོ་འགའི་རིང་ལ། རང་བྱུང་སྲུང་སྐྱོང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་རང་བྱུང་སློབ་གསོ་སྤེལ་བ་དང་འབྲེལ་བ་དམ་ཟབ་ཡོད་ལ། ལྷག་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མིའི་སེམས་སུ་འཇགས་པའི་གསོན་ཉམས་ལྡན་པའི་མཚོན་སྟངས་ཤིག་རེད། དེ་དང་ཆབས་ཅིག་ཐེངས་འདིའི་རོགས་སྐྱོབ་འགུལ་སྐྱོད་ཀྱིས་ཡང་བསྐྱར་རྒྱ་ཆེའི་རོང་འབྲོག་ལས་བྱེད་པ་དང་མང་ཚོགས་རྣམས་ལ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མི་རེ་རེའི་འགན་འཁྲི་ཡིན་པ་གསལ་འདེབས་བྱས། གལ་སྲིད་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་རྨས་ཕོག་པ་དང་ནད་ཀྱིས་གཙེས་པའམ་ཡང་ན་ལྟོགས་སྐོམ་གྱིས་མནར་བའི་རི་སྐྱེས་སྲོག་ཆགས་དང་འཕྲད་ཚེ། དེ་མ་ཐག་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་དང་ཡང་ན110ལ་ཁ་པར་བཏང་ནས་ཡར་ཞུ་བྱས་ན། ཆེད་ལས་ཀྱི་རོགས་སྐྱོབ་མི་སྣས་ཐག་གཅོད་འོས་འཚམ་བྱེད་སྲིད་པས། རྨས་སྐྱོན་ཕོག་པའི་ཉེན་ཁར་ཡང་གཡོལ་ཐུབ”ཟེར།

ཡུས་ཧྲུའུ་ཁུལ་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱིས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ལ་བཅངས་པའི་ཐུགས་ཁུར་དང་ལྟ་སྐྱོང་གང་འདྲ་ཡིན་པ་འགྲེལ་བཤད་བྱས་ཤིང་། མི་སྔར་ལས་མང་པོར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཡག་པོ་ཚོར་དུ་བཅུག་ཡོད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།