

ཏོའུ་སུང་ཕུའུ་ཡིས་དབྱིན་ཡིག་སློབ་ཁྲིད་སྟེང་ནས་སྤྲོ་སྣང་ལྡན་པའི་བྱ་འགུལ་སྤེལ་བ།

ཐེན་ཅིན་གྱིས་རོགས་སྐྲུན་བྱས་པའི་ཀླེ་གཞུག་སྡེ་བའི་མཛེས་ཉམས།
ཟླ6པའི་ཚེས20ཉིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དབྱིན་ཡིག་དགེ་རྒན་ཏོའུ་སུང་ཕུའུ་ཡིས་རྨ་ལྷོ་ཁུལ་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་མར་ཐ་སྙད་ཉན་འབྲི་བྱས་ཤིང་། སློབ་མ་རྣམས་ཀྱིས་ཨ་ལན་ཡག་པོ་སྤྲད་པ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས།
རྨ་ལྷོ་ཁུལ་དུ་ཐོག་མར་སླེབས་སྐབས། ཏོའུ་སུང་ཕུའུ་ལ་སློབ་ཁྲིད་ཀྱི་ཕྱོགས་ནས་དཀའ་གནད་མང་པོར་འཕྲད། སློབ་མའི་དབྱིན་ཡིག་གི་རྨང་གཞི་ཞན་པར་བརྟེན། མཐོ་རིམ་སློབ་འབྲིང་གི་སློབ་མར་སློབ་ཁྲིད་བྱེད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་ཁོས་སློབ་མའི་དགེ་མཚན་སྔོག་འདོན་བྱས་ཏེ། དབྱིན་ཡིག་གཏམ་བཤད་འགྲན་སྡུར་དང་དབྱིན་ཡིག་གི་གླུ་གཞས་ལེན་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། སློབ་མའི་སློབ་སྦྱོང་གི་སྤྲོ་བ་བསླངས་པར་མ་ཟད། ད་དུང་ས་ཁམས་དང་ལོ་རྒྱུས་ཤེས་བྱ་སློབ་ཚན་ནང་འདྲེས་སུ་བཅུག་ནས་སློབ་མའི་མཐོང་རྒྱ་ཆེ་རུ་བཏང་།
དགེ་རྒན་ཏོའུ་སུང་ཕུའུ་དང་འདྲ་བར་ཐེན་ཅིན་ནས་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་ལོ་རྒྱུས་དགེ་རྒན་ཝང་ཞིན་ལིང་དང་རྫས་འགྱུར་དགེ་རྒན་ཀྲང་ཡའོ་ཡའོ་གཉིས་ཀྱིས་ཀྱང་སློབ་ཁྲིད་ཀྱི་ལས་ཡུལ་དང་པོར་སྟོབས་ཤུགས་ཡོད་ཚད་འབུལ་བཞིན་ཡོད་དེ། ས་དེའི་དགེ་རྒན་གྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་ལོ་རྒྱུས་བསླབ་དེབ་བེད་སྤྱོད་བྱེད་མགོ་བརྩམས་མ་ཐག་ཡིན་པ་དང་། དྲ་རྒྱའི་ཐོག་གི་ཁྲིད་ཡིག་ཐར་ཐོར་ཡིན་ཞིང་།འཐུས་སྒོ་ཚང་བའི་ཤེས་བྱའི་མ་ལག་འཛུགས་དཀའ་བ་བཅས་ཀྱི་དབང་གིས། སློབ་ཁྲིད་བྱེད་པའི་ཐད་དཀའ་ཁག་མང་པོ་བཟོས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཝང་ཞིན་ལིང་གིས་བསམ་གཞིགས་ཀྱི་སྣེ་ཁྲིད་དཔེ་རིས་ལ་བརྟེན་ནས། ཐར་ཐོར་གྱི་སློབ་ཚན་ནང་དོན་སྦྲེལ་མཐུད་དང་བསྡུ་སྒྲིལ་བྱེད་པ་དང་། ས་དེའི་དགེ་རྒན་ལ་ལོ་རྒྱུས་ཀྱི“ཀྲུང་ཧྭའི་རིག་གནས”དང“འཛམ་གླིང་རིག་གནས”སོགས་སྡེ་ཚན་ཆེན་མོའི་སློབ་ཁྲིད་བྱེད་སྟངས་ཁྱབ་གདལ་བཏང་། རང་ཉིད་ཀྱིས་ཐེན་ཅིན་དུ་ཞིབ་ཚགས་ངང་སྒྲིག་བཟོ་བྱས་པའི་སྡེ་ཚན་ཆེན་མོའི་བསམ་གཞིགས་དཔེ་རིས་ཀྱི་སློབ་ཆས་སོར་འཇོག་སྤུ་ཙམ་ཡང་མེད་པར་མཉམ་སྤྱོད་བྱས་ཏེ། ས་གནས་དེ་གའི་དགེ་རྒན་གྱིས་སློབ་དེབ་གསར་པའི་སློབ་ཁྲིད་ཀྱི་གནད་འགག་མགྱོགས་མྱུར་ངང་ཁོང་དུ་ཆུད་པར་རོགས་རམ་བྱས།
རྫས་འགྱུར་དགེ་རྒན་ཀྲང་ཡའོ་ཡའོ་ཡིས་རིམ་དབྱེའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། སློབ་མ་རྣམས་ཕུལ་བྱུང་དང་འབྲིང་ཚད། རྨང་གཞི་ཞན་པ་བཅས་རིམ་པ་གསུམ་དུ་དགར་ནས། A4ཤོག་བུའི་སྟེང་དཀའ་སླ་མི་འདྲ་བའི་ཤེས་བྱ་དཔར་ནས་ལྟོས་ཟླའི་སློབ་མར་སྤྲད། མོས་སློབ་མའི་དྲིས་གཞིར་ལན་བཏབ་པའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ལ་དམིགས་ནས་རེ་རེ་བཞིན་འགྲེལ་བཤད་བྱས་པ་དང་། སློབ་མར་རྒྱུགས་གཞི་དང་འབྲེལ་བ་ཡོད་པའི་ཤེས་བྱའི་གནད་གསེད་བཀྲོལ་བྱེད་པར་ཁྲིད་སྟོན་བྱས་ཏེ། སློབ་མར་ཆད་ལུས་ཁ་གསབ་བྱེད་རོགས་བྱས།
མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་ཏེ། བསྡོམས་པས་ཕུལ་བྱུང་དགེ་རྒན165སྐོར་བརྒྱད་དུ་བགོས་ཏེ་རྨ་ལྷོ་ཁུལ་དུ་མངགས་པ་དང་། “ཚོགས་པས་ཚོགས་པ་ཁྲིད་པ་དང་། དགེ་རྒན་གྲགས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རོགས་སྐྱོར་མ་ལག་བཙུགས་པ་བརྒྱུད། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གནད་ལ་འཁེལ་བའི་ངང་གནས་དེར་བསྐྱལ།
སློབ་གསོའི་རོགས་སྐྱོར་དེ་ད་དུང་ཕྱོགས་མང་པོའི་གསར་གཏོད་ལག་ལེན་ཁྲོད་མངོན་ཡོད་པ་སྟེ། ས་གནས་གཉིས་ཀྱིས་ལག་གདང་སྦྲེལ་ནས“ཐེན་ཅིན་གྱི་རྨ་ལྷོའི་འཛིན་གྲྭ”དང“རྨ་ལྷོའི་ཐེན་ཅིན་འཛིན་གྲྭ”བཙུགས་པས། སྐབས་རིམ་བྱུང་གི་སློབ་མས་མཐོ་རྒྱུགས་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་བཟང་པོ་བླངས་པ་དང་། ཐེན་ཅིན་གྲོང་ཁྱེར་གྱི་སྤུས་ལེགས་མཐོ་རིམ་སློབ་གྲྭ7གྱིས་མུ་མཐུད་དུ་ཁ་ཕྱོགས་གཏན་འཁེལ་གྱིས་སློབ་མ་བསྡུ་བའི་འཆར་གཞི་སྤེལ་ནས་ལོ་རེར་རྨ་ལྷོ་ལ་དངོས་གཞིའི་སློབ་མ་གསར་པ25སྐྱེལ་བའི་འཇོན་མི་སྐྱེད་སྲིང་གི་ལྗང་མདོག་བགྲོད་ལམ་བསྐྲུན་པ་དང་། རྨ་ལྷོ་ཁུལ་གྱི་དུས་རབས་གསར་པའི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་བཏང་ལ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་འགྱེད་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྨ་ལྷོའི་སློབ་མ་སྔར་ལས་མང་པོས་སྒོ་འགྲམ་དུ་སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
སློབ་གསོར་རོགས་སྐྱོར་བྱེད་པའི་ལག་ལེན་ཞིབ་ཚགས་ཁྲོད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་རྣམས་ཀྱིས་དངོས་སྒྲུབ་སྙིང་སྟོབས་ལ་བརྟེན་ནས་མཚར་སྡུག་གི་རོགས་སྐྱོར་གྱི་ལེའུ་བྲིས་པར་མ་ཟད། ཐེན་ཅིན་གྱི་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་གསར་གཏོད་ཀྱི་སློབ་ཁྲིད་བྱེད་ཐབས་དེ་རྨ་ལྷོའི་སློབ་གསོའི་ཁྱབ་ཁོངས་སུ་སྤྱད་ནས། ས་གནས་དེ་གའི་སློབ་གསོའི་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་པ་དང་། མཚོ་སྔོན་དང་ཐེན་ཅིན་ས་ཁུལ་གཉིས་བར་གྱི་དཀའ་ངལ་གྱི་འགག་འཕྲང་གཏོར་ཏེ་སློབ་གསོའི་འབྲེལ་མཐུད་ཀྱི་ཟམ་པ་བསྐྲུན་ཡོད།
ལྷ་མོ་འཚོས་རྩོམ་སྒྲིག་བྱས།