
----མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆེད་བསྐོས་འདུམ་སྒྲིག་པ་རྟ་བྷོ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་མཐའ་ཡས་པའི་རྩྭ་ཐང་དང་མི་ཚོགས་ཀྱི་འདུ་འཛིའི་ཁྲོད་སོགས་གང་དུ་འང་ནམ་རྒྱུན་ཤ་མདོག་སྨུག་པའི་མི་བུ་ཞིག་གི་གྲིབ་གཟུགས་མཐོང་ཐུབ། ཁོས་མཐའ་ཁེབས་ནག་པོ་ཅན་གྱི་མིག་ཤེལ་གོན་ཡོད་ནའང་ཁོའི་མིག་མདངས་ཀྱི་རེ་བའི་འོད་དེ་འགོག་མི་ཐུབ་ལ། ཁོའི་བརྟན་ཞིང་བརླིང་བའི་རྐང་རྗེས་རེ་རེ་རྩྭ་ཐང་འདིའི་གང་སར་དཔར་ཡོད་པ་དང་། བྲང་ཁར་བཏགས་པའི་ཏང་རྟགས་དེ་ཉི་མའི་འོད་ཟེར་ཁྲོད་ལྷག་དུ་མིག་དབང་འཕྲོག་པ་ཞིག་རེད། ཁོ་ནི་ཞིན་ཧེ་རྫོང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆེད་བསྐོས་འདུམ་སྒྲིག་པ་རྟ་བྷོ་ཡིན་ལ། གཞི་རིམ་འདུམ་སྒྲིག་པའི་ལས་གནས་སུ་མི་ལོ30བརྟན་སྲུང་བྱས་པའི་མི་དམངས་འདུམ་སྒྲིག་པ་ཞིག་རེད།
ལོ་ངོ་སུམ་ཅུའི་རིང་། ཁོས་རྩོད་གཞི་གྱོད་དོན780ལྷག་འདུམ་སྒྲིག་བྱས་པ་དང་། འདུམ་སྒྲིག་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི99%ཡིན། ལོ་ངོ་སུམ་ཅུའི་རིང་། གནས་འདིའི་འབྲོག་པ་མང་ཚོགས་ཀྱི་ངག་རྒྱུན་དུ“རྩོད་གཞི་བྱུང་ན་རྟ་བྷོ་འཚོལ་བ་ནི་འཁྲུལ་མེད་ཀྱི་གདམ་ཀ་ཞིག་ཡིན”ཞེས་པའི་སྐད་ཆ་ཞིག་ཡོད། ལོ་ངོ་སུམ་ཅུའི་རིང་། ཁོས་ཕྱི་རྟིང་མེད་པའི་ལྷམ་ཆལ་དང་དམར་པོར་གྱུར་བའི་མིག་ཟུང་གཉིས། མང་ཚོགས་ཀྱི་གནས་ཚུལ་བཀོད་པའི་ཟིན་བྲིས་བཅས་ལ་བརྟེན་ནས“དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་སེམས་དྲོ་བར་བྱེད་པའི”དམ་བཅའ་དེ་མཐའ་ཡས་པའི་རྩྭ་ཐང་འདིར་བྲིས།
“འདུམ་སྒྲིག་ཁང་གི་སྒོ་ཆེན་ནི་ནམ་ཡང་མི་དམངས་ལ་ཕྱེས་ཡོད་ལ། ཏང་ཡོན་རྣམས་ཀྱིས་རྣ་བ་གཉིས་ནི་ནམ་ཡང་མི་དམངས་ལ་གཏད་ཡོད།”1995ལོར་དཔལ་ཁ་གྲོང་རྡལ་བདེ་སྐྱིད་སྡེ་བའི་འདུམ་སྒྲིག་པར་གྱུར་པ་ནས་བཟུང་། རྟ་བྷོས་རང་སེམས་ལ“མང་ཚོགས་ཀྱིས་ང་བཙལ་ཡོང་བ་ནི་ང་ལ་ཡིད་ཆེས་ཡོད་པ་ཡིན་པས། ངས་ཁོ་ཚོའི་རེ་བ་སྟོང་ཟད་དུ་གཏོང་མི་རུང”ཞེས་དམ་བཅའ་བཞག
གཞི་རིམ་གྱི་རྩོད་གཞི་མང་ཆེ་ཤོས་ནི་མདོང་རྩེ་ཁ་གཏད་དུ་ལངས་བ་བཞིན་སུ་གཅིག་ཀྱང་ཕྱིར་ནུར་མི་བྱེད་པའི་གྱོད་གཞི་དག་ཡིན་ལ། དཔེར་ན། ས་རྩོད་ཆུ་རྩོད་དང་རུ་ཁ་ཁྱིམ་མཚེས་བར་གྱི་ཁ་རྩོད། ཁ་གསབ་དངུལ་བགོ་འགྲེམ་གྱི་རྩོད་གཞི་སོགས་ཡིན། རྟ་བྷོས་རྩོད་གཞི་འདི་དག་འདུམ་སྒྲིག་བྱེད་དགོས་ན་ཁྲིམས་ལུགས་ཀྱི་གཏན་ཕབ་གཞིར་བཟུང་བ་ཙམ་གྱིས་ཐག་གཅོད་བྱེད་མི་ཐུབ་པར་མི་སེམས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་གསལ་བོར་ཤེས་ཡོད། ཁོས་ཁྱད་ཆོས་ལྡན་པའི་རྩོད་གཞི་སྔོན་འགོག་རྐྱེན་སྲོལ་བཙུགས་ཏེ། ཁྱིམ་ཚང་རེ་རེའི་གནས་ཚུལ་ལ་རྒྱུལ་ལོན་གསལ་བོ་བྱས་ནས། དུས་ཐོག་ཏུ་རྩོད་གཞིའི་འབྱུང་རྩ་མེད་པར་བྱས་པ་དང་། གྱོད་དོན་མང་བོ་ཞིག་གི་རྩོད་གཞི་ཆེ་རུ་མ་གྱུར་གོང་ལ་ཐག་གཅོད་བྱས། རྙོག་འཛིང་ཆེ་ཞིང་ཐག་གཅོད་བྱེད་དཀའ་བའི་གྱོད་དོན་དང་འཕྲད་སྐབས། ཁོས་སུན་སྣང་མེད་པའི་ངང་གྱོད་ཡ་ཕྱོགས་གཉིས་ཀྱི་རེ་ཞུར་ཉན་པ་དང་། བརྩེ་སེམས་ལ་བརྟེན་ནས་མི་སེམས་ལ་གཡོ་འགུལ་གཏོང་བ་དང་གནས་ལུགས་ལ་བརྟེན་ནས་མི་སེམས་འགུག་པའི་བྱེད་ཐབས་སྤྱད་དེ། གོ་བདེ་ཁ་གསལ་གྱི་ལམ་ནས་མང་ཚོགས་ཀྱི་འགལ་བ་འདུམ་སྒྲིག་བྱེད་བཞིན་ཡོད།
2024ལོའི་ལོ་སྨད་ཀྱི་ཞིས་ག་གེ་མོ་སོགས་ཁྱིམ་ཚང་བཞི་དང་བཀྲ་ག་གེ་མོའི་གཡང་འཁྱིལ་ཆུ་གློག་ས་ཚིགས་ཁུལ་མི་དམངས་གནས་སྤོ་བདེ་འགོད་ཁ་གསབ་དངུལ་གྱི་རྩོད་གཞི་ནི། ལོ་ངོ་བཅུ་གཉིས་རིང་ཐག་གཅོད་བྱེད་མ་ཐུབ་པར་ལུས་པའི་གྱོད་དོན་རྙིང་བ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་མི་དམངས་ཀྱི་གནས་སྤོ་བདེ་འགོད་ཁ་གསབ་དངུལ་གྱི་རྩོད་གཞིར་རྐྱེན་བྱས་ཏེ་ངོ་འཕྲད་པ་ཙམ་གྱིས་ཁ་རྩོད་བྱེད་བཞིན་ཡོད།
རྟ་བྷོ་ཡིས་ཟིན་བྲིས་ཤིག་མཆན་འོག་ཏུ་བཅུག་ནས་འབྲོག་པའི་ཁྱིམ་ཚང་དུ་སོང་སྟེ་འོ་ཇ་འཐུང་ཞོར་མི་དམངས་ཀྱི་རེ་ཞུར་ཉན་བཞིན་ཡོད། ཁོས་དོན་དངོས་ལ་གཞིགས་ནས་གནས་ལུགས་བཤད་བཞིན་ཡོད་དེ། དཔེར་ན“ཁ་གསབ་དངུལ་སྲིད་ཇུས་ལྟར་རྩིས་སྤྲོད་གསལ་བོ་བྱེད་དགོས་མོད། རུ་ཁ་ཁྱིམ་འཚེས་བར་གྱི་བརྩེ་བ་ནི་གསེར་དངུལ་ལས་ལྷག་པ་ཡིན”ཞེས་པ་ལྟ་བུ་རེད། རྟ་བྷོས་གྱོད་ཡ་ཕྱོགས་གཉིས་ཀྱི་རེ་བར་སུན་སྣང་མེད་པར་ཉན་ནས་ཁེ་ཕན་ལ་དབྱེ་ཞིབ་བྱས་ཏེ། ཐུན་མོང་གིས་ངོས་ལེན་བྱེད་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་འདུམ་སྒྲིག་ཁྲོད་ཕན་ཚུན་ངོ་གཏུག་ནས་ཐག་གཅོད་བྱེད་པ། བཙན་གཉོམ་ཟུང་འབྲེལ་བྱེད་པ། དཔེ་གཞི་འདྲེན་པ་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་། གནས་ལུགས་ལ་བརྟེན་ནས་རྩོད་གཞི་ཞི་བར་བྱེད་པ་དང་། བརྩེ་བའི་ངང་འབྲེལ་བདྲིས་བྱེད་པའི་བསམ་བློ་སྤྱད་དེ། མཇུག་མཐར་ཕྱོགས་གཉིས་འགྲིག་མཐུན་ཡོང་བར་བྱེད། ཞིས་ག་གེ་མོ་ཁོའི་ལག་པར་འཇུས་ནས་བཤད་རྒྱུར། དངོས་གནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱི་འདུམ་སྒྲིག་མེད་ན་ངེད་གཉིས་ཀྱི་གནད་དོན་ནམ་ཞིག་ལ་ཐག་གཅོད་བྱེད་ཐུབ་པའང་མི་ཤེས་ཟེར།
ཞིན་ཧེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་རྩེ་གྲ་འདུམ་སྒྲིག་ཁང་གི་ཤེལ་སྒོའི་ངོས་སུ་བཀལ་བའི“གྱོད་དོན་གཙང་སྒྲུབ་བྱེད་པ་དམངས་ཀྱི་དོན།། ཁྲིམས་བསྟར་ནན་མོ་བྱས་ནས་དྲང་བདེན་སྐྱོང་།།”ཞེས་ཡི་གེ་བྲིས་ཡོད་པའི་དར་བྱང་དེ་ལྷག་དུ་མིག་དབང་འཕྲོག་པ་ཞིག་རེད། འདི་ནི་རྟ་བྷོ་དང་ཁོའི་ལས་གྲོགས་ཚོས་ལོ་ངོ་མང་པོའི་རིང་གི་གྱོད་དོན་ཞིག་འདུམ་སྒྲིག་བྱས་རྗེས་གྱོད་འབྲེལ་མི་སྣས་ཁོ་ཚོར་ཕུལ་བ་ཡིན་ལ། དེ་ནི་གཞི་རིམ་འདུམ་སྒྲིག་པ་དང་མང་ཚོགས་ནམ་ཡང་མཉམ་དུ་ཡོད་པའི་མཚོན་བྱེད་ཤིག་ཏུ་གྱུར་ཡོད།
གཞི་རིམ་གྱི་རྙོག་འཛིང་ཆེ་བའི་གྱོད་དོན་ལ་གདོང་གཏོད་སྐབས། རྟ་བྷོས་དུས་ངེས་མེད་དུ་སྡེ་མི་རྣམས་ཀྱི་རེ་ཞུ་དང་ལེན་བྱེད་ཐུབ་ཆེད་དུས་ཚོད་ཉེར་བཞིའི་རིང་ཁ་པར་གྱི་སྒོ་ཕྱེས་ཡོད་ལ། སྡེ་མི་ཞིག་གི་ཁ་པར་ཐོན་ཚེ་ཁོས་ནམ་གོང་ཡིན་ཡང་སྟོད་གོས་གྱོན་ནས་ལམ་ལ་ཆས་སྲིད། 2024ལོའི་ཟླ8པར་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འདུམ་སྒྲིག་པའི་འགན་ཁུར་བ་ནས་བཟུང་། ཁོ་རང་འགུལ་རྣམ་འདུམ་སྒྲིག་ས་ཚིགས་ལྟ་བུ་ཞིག་ཏུ་གྱུར་ཡོད། འདི་ལྟ་བུའི་ལྷག་བསམ་ཟོལ་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁོས་བདེ་བླག་ངང་འགལ་རྩོད་གྱོད་གཞི་མང་བོ་ཞིག་འདུམ་སྒྲིག་བྱས་ཡོད་ལ། རྩོད་གཞི55དང་། ལོ་བཅུའི་ཡན་འགོར་བའི་རྩོད་གཞི་དྲུག་བཅས་འདུམ་སྒྲིག་ལེགས་འགྲུབ་བྱུང་།
དཔལ་ཁ་གྲོང་རྡལ་ཏུའུ་ཐེ་སྡེ་བའི་གཡང་ག་གེ་མོ་དང་བཀྲ་ག་གེ་མོ་སོགས་ཁྱིམ་ཚང24ཡི་རྩྭ་སའི་རྩོད་གཞི་དེ་ལོ་བཅུ་ལྷག་གི་རིང་ལ་ལག་འགུལ་ནས་རྡུང་རེས་བྱས་མྱོང་ལ་ཁྲིམས་ཁང་དུ་གཏུགས་ཀྱང་མྱོང་། རྟ་བྷོས་རྩོད་གཞི་དེ་འདུམ་སྒྲིག་བྱེད་མགོ་བརྩམས་རྗེས། ཉིན་དཀར་སྡེ་བའི་ནང་སོང་ནས་བདེན་དཔང་བསྡུ་རུབ་བྱས་པ་དང་། དགོང་མོར་མཚན་རྒྱབ་ནས་འབྲེལ་ཡོད་ཡིག་ཆ་ཀློག་འདོན་སོགས་བྱས་ཏེ་རྩོད་གཞིའི་འབྱུང་རྐྱེན་གསལ་བོར་ངེས་པར་བྱས། འདུམ་སྒྲིག་གྲོས་ཚོགས་ཐེངས17ཚོགས་མཐར་རྟ་བྷོས་བཟོད་སེམས་དང་བློ་གྲོས་ལ་བརྟེན་ནས་ལོ་མང་རིང་གི་རྩོད་གཞི་དེ་འདུམ་སྒྲིག་བྱས། མཇུག་མཐར་ཕྱོགས་གཉིས་ཀྱིས་ལག་འཇུ་བྱས་ནས་ཁྲིམས་ལུགས་ཀྱི་ནུས་པ་ཡོད་པའི་འདུམ་སྒྲིག་གྲོས་གཞིར་མིང་རྟགས་བཀོད་དེ། ཡུན་རིང་བོར་རྩོད་གཞིའི་རྙོག་དྲར་ཚུད་པའི་རྩྭ་ཐང་འདིར་ཡང་བསྐྱར་འཆམ་མཐུན་གྱི་གསོན་ཤུགས་རྒྱས་པར་བྱས།
གཞི་རིམ་གྱི་བྱ་བ་ནི་རྩམ་པ་བརྫི་བ་བཞིན་སུན་སྣང་ཡོད་མི་རུང་། རྩོད་གཞི་འདུམ་སྒྲིག་བྱེད་ཐེངས་རེར། རྟ་བྷོས་རྒྱུན་དུ་ཁྲིམས་ལུགས་ཀྱི་དོན་ཚན་དག་འབྲོག་པ་མང་ཚོགས་ཀྱིས་གོ་སླ་བའི་རྒྱུན་སྤྱོད་ཁ་བརྡ་རུ་བསྒྱུར་བ་དང་། རྙོག་འཛིང་ཆེ་བའི་གྱོད་གཞི་རེ་རེར་ནན་ཏན་སྒོས་འདུམ་སྒྲིག་ཇུས་གཞི་བཟོས་ནས། ཏང་གི་སྲིད་ཇུས་དེ་གཞ་རིམ་དུ་ལག་བསྟར་དོན་འཁྱོལ་བྱས་ཡོད།
མི་དམངས་ཀྱི་འདུམ་སྒྲིག་བྱ་བ་སྒྲུབ་ནས་ལོ30འགོར་བའི་ཏང་ཡོན་རྒན་པ་རྟ་བྷོ་ཡིས་ཐོག་མར་ཁྲིམས་སྐྱོང་ལེ་ཚན་ལས་འདུམ་སྒྲིག་བྱེད་ཐབས་ལ་སློབ་སྦྱོང་བྱས་པ་དང་། དེ་ནས་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་རང་ཉིད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། འདུམ་སྒྲིག་པ་གཞན་དང་འདུམ་སྒྲིག་བྱེད་ཐབས་ཞིབ་བསྡུར་བྱེད་པ་སོགས་བྱས་ཏེ། ནམ་ཡིན་ཡང་འདུམ་སྒྲིག་བྱ་བ་ཇི་ལྟར་ལེགས་པོར་སྒྲུབ་པར་ཞིབ་འཇུག་བྱེད་བཞིན་ཡོད། ཞིན་ཧེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འདུམ་སྒྲིག་བྱ་བའི་འགན་ཁུར་བ་བསོད་ནམས་རྒྱལ་གྱིས་བཤད་པ་བཞིན། “རྟ་བྷོ་ལྟ་བུའི་འདུམ་སྒྲིག་པ་ནི་མི་དམངས་ཀྱིས་འདེམས་པའི་དྲང་བདེན་སྐྱོང་མཁན་ཡིན་ལ། ཁོས་ཚོའི་ཉམས་མྱོང་ནི་གཞི་རིམ་བཅོས་སྐྱོང་གི་རྩ་ཆེ་བའི་རྒྱུ་ནོར་ཡིན།”
བཅར་འདྲི་མཇུག་རྫོགས་ནས་གསར་འགོད་པ་ཕྱིར་འགྲོ་གྲབས་བྱེད་སྐབས། རྟ་བྷོས་རྩོད་གཞི་གསར་བ་ཞིག་འདུམ་སྒྲིག་བྱེད་མགོ་བརྩམས། འདུམ་སྒྲིག་བྱ་བ་ནི་རྩྭ་ཐང་དུ་ལྗང་མྱུག་འབུས་པ་བཞིན་རྩོད་གཞི་འདི་འདུམ་སྒྲིག་བྱས་ནའང་ཡང་བསྐྱར་རྩོད་གཞི་གསར་བ་ཞིག་བྱུང་ངེས་ཡིན། འོན་ཀྱང་རྟ་བྷོས་མང་ཚོགས་ཀྱི་དོན་དུ་བྱ་བ་སྒྲུབ་པའི་ཆོད་སེམས་ལ་ནམ་ཡང་འགྱུར་བ་མེད།
རྟ་བྷོའི་གཏམ་རྒྱུད་ནི་དུས་རབས་གསར་བའི་གཞི་རིམ་བཅོས་སྐྱོང་གི་བསྡུས་གཟུགས་ཤིག་ཡིན། ཁོད་ཡངས་པའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་། རྟ་བྷོ་ལྟ་བུའི་འདུམ་སྒྲིག་པ་གྲངས་མེད་ཅིག་ཡོད་ལ། རང་ཉིད་ཀྱི་ལྷག་བསམ་ལ་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་བརྩོན་ལེན་བྱས་ཏེ། མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་དུ་བཅུག་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།