1.གཅིན་སྙི་ཟ་ཁུ་ནི་སློང་རྐྱེན་མང་པོའི་རྙིང་ཚབ་གསར་བྱེད་ཀྱི་ནད་རིགས་ཤིག་རེད། དེའི་མངོན་རྟགས་ནི་དལ་བའི་རང་བཞིན་གྱི་ཁྲག་མངར་མཐོ་བ་དང་། ཁྱད་པར་ཅན་གྱི་ནད་རྟགས་གཙོ་བོར་གཅིན་མང་བ་དང་། མང་བཟའ་མང་འཐུང་བྱེད་པ། ལུས་པོའི་ཚོ་བྱང་བ་བཅས་ཡིན།
2.《ཀྲུང་གོའི་རིགས་གཉིས་པའི་གཅིན་སྙིའི་ཟ་ཁུར་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཕྱོགས་སྟོན》ལས། མིག་སྔར་རང་རྒྱལ་དུ་གཅིན་སྙི་ཟ་ཁུའི་ནད་པ་བྱེ་བ་དགུ་དང་ས་ཡ་གཉིས་འབུམ་བཞི་ཙམ་ཡོད་ཅིང་། ནད་དེ་བྱུང་མ་ཐག་པའི་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བརྒྱད་ཙམ་ཡོད། གཅིན་སྙིའི་ཟ་ཁུའི་ནད་པ་བརྒྱ་ཆའི་དགུ་དང་གྲངས་ཆུང་བདུན་ཙམ་ལ་སླེབས་ཡོད་དེ། དཔེར་ན་མི་དར་མ་བཅུ་རེའི་ནང་དུ་གཅིན་སྙི་ཟ་ཁུའི་ནད་པ་གཅིག་རེ་ཡོད་པ་རེད།
3.གཅིན་སྙི་ཟ་ཁུ་ལ་རིགས་དང་པོ་དང་རིགས་གཉིས་པ་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད། རང་རྒྱལ་དུ་བྱུང་བའི་གཅིན་སྙི་ཟ་ཁུ་དེ་རིགས་གཉིས་པ་གཙོ་བཟུང་ཆོག་སྟེ། དེས་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་བདུན་ཟིན་ཡོད། གཙོ་བོར་བཟའ་བཏུང་གི་བསྟེན་ཚུལ་དང་ལུས་སྦྱོང་བྱེད་ཚད་ལ་འབྲེལ་བ་ཡོད་པ་དང། ལོ་ཇི་ལྟར་ཆེ་ན་ནད་དེའི་འབྱུང་ཚད་དེ་ལྟར་མཐོ།
4.ལོ་བཞི་བཅུ་ཞེ་ལྔ་ནས་ཞེ་ལྔའི་ཡན་གྱི་མི་དང་། ཁྲག་ཤེད་མཐོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ། སྙིང་ཁམས་ཁྲག་རྩའི་ནད་རིགས་ཡོད་པ། ལུས་ཚོ་བ། ཁྱིད་རྒྱུད་ལ་ནད་དེ་ཡོད་པ། བྱིས་པ་བཙའ་དུས་ལུས་བོངས་ཆེ་བ། མངལ་སྦྲུམ་པའི་སྐབས་སུ་གཅིན་སྙི་ཟ་ཁུའི་ནད་ཡོད་པ། དུས་རྒྱུན་ཙོག་ནས་བསྡད་ཡོད་པའི་མི་བཅས་ལ་གཅིན་སྙིའི་ནད་འབྱུང་ཚད་མཐོ།
5.གཅིན་སྙི་ཟ་ཁུར་གསོ་བཅོས་བྱེད་པར་ཁྲག་མངར་ལ་ཚོད་འཛིན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ན་མཇུག་འབྲས་ཚབས་ཆེན་བྱུང་ནས་དབང་བོ་སྐྱོན་ཅན་དུ་འགྱུར་བའམ་ཤི་བའི་གནས་ཚུལ་ཡང་འབྱུང་སྲིད།
6.གཅིན་སྙི་ཟ་ཁུའི་དལ་བའི་རང་བཞིན་གྱི་བསྡོངས་ཟླའི་ནད་ལ་གཙོ་བོར་གཅིན་སྙི་ཟ་ཁུའི་མཁལ་མའི་ནད་དང་། མཐོང་བྱེད་དྲ་སྐྱིར་ནད་འགྱུར་འབྱུང་བ། གཅིན་སྙི་ཟ་ཁུའི་རྐང་ནད། དབང་རྩར་ནད་འགྱུར་འབྱུང་བ་དང་སྙིང་ཁམས་ཁྲག་རྩར་ནད་འགྱུར་འབྱུང་བ་བཅས་ཡོད།
7.གཅིན་སྙི་ཟ་ཁུ་ནི་ཡུན་རིང་གི་ནད་རིགས་ཤིག་ཡིན་པས། དུས་ཐོག་ཏུ་སྨན་པར་སྟོན་པ་དང་། ཚད་ལྡན་སྒོས་གསོ་བཅོས་བྱེད་པ། ལུགས་མཐུན་སྒོས་སྨན་བསྟེན་པ། བསྡོངས་ཟླའི་ནད་འབྱུང་བར་སྔོན་འགོག་བྱེད་པ་བཅས་བྱས་ནས་གསོ་བཅོས་བྱེད་དགོས།
8.རྒྱུན་པར་ཁྲག་མངར་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་དུས་གཏན་འཁེལ་བྱས་ནས་མངར་འགྱུར་ཁྲག་དམར་སྤྲི་དཀར་ལ་ཞིབ་དཔྱད་ཚད་ལེན་བྱེད་པ། ཁྲག་མངར་ལ་ཚོད་འཛིན་བཅས་བྱེད་དགོས།
9.གཅིན་སྙི་ཟ་ཁུར་གསོ་བཅོས་བྱེད་ན་ཁྲག་མངར་ལ་ཚོད་འཛིན་བྱས་དམིགས་ཚད་དུ་སླེབས་དགོས་པར་མ་ཟད། ད་དུང་ཁྲག་ཚིལ་དང་ཁྲག་ཤེད་ལའང་ཚོད་འཛིན་བྱས་ནས་རྒྱུན་ལྡན་དང་ཡང་ན་རྒྱུན་ལྡན་དང་ཉེ་བར་བྱེད་དགོས།
10.བདེ་ཐང་གི་འཚོ་བ་རོལ་སྟངས་ཕྱོགས་སུ་གོམས་དགོས་ཏེ། དུ་བ་གཅོད་པ་དང་། ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ། ལུས་སྦྱོང་ལ་ཤུགས་སྣོན་པ། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། སིལ་ཏོག་དང་སྔོ་ཚལ་གྱི་རིགས་མང་ཙམ་ཟ་བ། ཚྭ་དང་སྣུམ། ཀ་རའི་རིགས་བཅས་ཉུང་ཟ་བྱེད་པ་བཅས་བྱས་ནས། གཅིན་སྙི་ཟ་ཁུ་ནད་པས་རང་ཉིད་ལ་བདག་སྐྱོང་གང་ལེགས་བྱེད་དགོས། །
གཅིན་སྙིའི་ཟ་ཁུའི་ངོས་འཛིན་ཐད་ཀྱི་ནོར་འཁྲུལ་ཆེན་པོ་བཅུ།
ནོར་འཁྲུལ་དང་པོ། གཅིན་སྙི་ཟ་ཁུ་ནི་གཙོ་བོར་ཀ་ར་ཟོས་པའམ་མངར་ཟས་མང་པོ་ཟོས་པ་ལས་བསྐྱེད་པར་འདོད་པ། དོན་དངོས་སུ། གཅིན་སྙི་ཟ་ཁུ་ནི་རྒྱུད་འདེད་ཀྱི་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་གྱིས་དུས་ཡུན་རིང་བོར་ཤུགས་རྐྱེན་ཐེབས་པ་ལས་བསྐྱེད་པའི་དལ་བའི་རང་བཞིན་གྱི་རྙིང་ཚབ་གསར་བྱེད་ཀྱི་ནད་རིགས་ཤིག་རེད། གཅིན་སྙི་ཟ་ཁུའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ལ་རྒྱུད་འདེད་དང་། ཚ་ཚད་མཐོ་བ། ཚིལ་ཞགས་མཐོ་བའི་ཟས་རིགས། ལུས་ཕུང་སྦྱོང་བརྡར་བྱེད་ཚད་ཉུང་བ། ལུས་ཚོ་བ། ལོ་རྒས་པ། སེམས་ཁམས་ཀྱི་གནོན་ཤུགས་ཆེ་བ་འདུ།
ནོར་འཁྲུལ་གཉིས་པ། གཅིན་སྙི་ཟ་ཁུ་ནི་མི་དར་མ་དང་རྒན་པར་འབྱུང་བའི་ནད་རིགས་ཤིག་ཡིན་པས། ན་གཞོན་ལོ་ཆུང་ལ་ནད་དེ་མི་འབྱུང་བར་འདོད་པ། དེང་སྐབས་གཅིན་སྙིའི་ནད་དེ་ན་གཞོན་ལོ་ཆུང་ཕྱོགས་སུ་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེ་བས་ན་གཞོན་རྣམས་ཀྱིས་ཀྱང་བདེ་ཐང་གི་སྤྱོད་ལམ་དང་བདེ་ཐང་གི་འཚོ་བ་རོལ་བའི་གོམས་སྲོལ་བཟང་པོ་ཆགས་པར་བྱས་ནས། གཅིན་སྙིའི་ནད་ཀྱི་སྔོན་འགོག་ལ་དོ་སྣང་བྱེད་དགོས། དུས་གཏན་འཁེལ་སྒོས་ལུས་ཕུང་ལ་བརྟག་དཔྱད་བྱས་ན་གཅིན་སྙིའི་ནད་སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་པར་ཕན།
ནོར་འཁྲུལ་གསུམ་པ། གཅིན་སྙིའི་ནད་བྱུང་ཚེ་སྨན་འཐུང་ན་ཆོག་པར་འདོད་པ། གཅིན་སྙིའི་ནད་བྱུང་ཚེ་སྨན་ཁོ་ན་བསྟེན་པས་མི་ཆོག་པར། ཕྱོགས་བསྡུས་སྒོས་གསོ་བཅོས་བྱེད་དགོས་ཏེ། བཟའ་བཏུང་ལ་ཚོད་འཛིན་བྱེད་པ་དང་། སེམས་ཁམས་སྙོམ་སྒྲིག་བྱེད་པ། ཚན་རིག་དང་མཐུན་པའི་འགུལ་སྐྱོད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་ཚད་ལེན་བྱེད་དགོས།
ནོར་འཁྲུལ་བཞི་བ། གཅིན་སྙིའི་ནད་ལ་བཟའ་བཏུང་གི་གསོ་ཐབས་སྐོར་ནས་གཙོ་བོར་ཀ་ར་དང་ཁ་ཟས་གཙོ་བོའི་རིགས་ལ་ཚོད་འཛིན་བྱེད་དགོས་པར་འདོད་པ། དེ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་ཡིན། གཅིན་སྙི་ཟ་ཁུར་བཟའ་བཏུང་གི་ཐད་ནས་གསོ་བཅོས་བྱེད་པའི་གནད་འགག་ནི་ཉིན་རྒྱུན་གྱི་བཟའ་བཅའི་ཁྲོད་ཀྱི་སྤྱིའི་ཚ་ཚད་ལ་ཚོད་འཛིན་བྱེད་དགོས་པ་དེ་ཡིན།
ནོར་འཁྲུལ་ལྔ་བ། ཁྲག་མངར་ལ་ཚོད་འཛིན་བྱས་པ་ཇི་ལྟར་དམའ་ན་དེ་ལྟར་བཟང་བར་འདོད་པ། སྤྱིར་ཁྲག་མངར་དེ་མཐོ་མི་རུང་ལ་དམའ་ཡང་མི་རུང་བར་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་ཚོད་འཛིན་བྱེད་དགོས། ཁྲག་མངར་ལ་ཚོད་འཛིན་བྱས་པ་བཟང་ན་གཅིན་སྙིའི་ནད་ཀྱི་བསྡོངས་ཟླའི་ནད་འབྱུང་ཚད་ཇེ་ཉུང་དང་ནད་བབ་ཇེ་དགར་གཏོང་ཐུབ། ཁྲག་མངར་ཆེས་དམའ་ན་ཁྲག་མངར་དམའ་བའི་རྟགས་འབྱུང་སྲིད།
ནོར་འཁྲུལ་དྲུག་པ། ཁྲག་མངར་མར་འབབ་བྱེད་ཀྱི་སྨན་མང་པོ་འཐུང་དགོས་པ་ལས་བཟའ་བཅའི་ཕྱོགས་སུ་ཚོད་འཛིན་བྱེད་མི་དགོས་པར་འདོད་པ། དོན་དངོས་སུ་བཟའ་བཏུང་གི་གསོ་ཐབས་ནི་གཅིན་སྙི་ཟ་ཁུའི་ཕྱོགས་བསྡུས་གསོ་བཅོས་ཀྱི་རྨང་གཞི་ཡིན།
ནོར་འཁྲུལ་བདུན་པ། གཅིན་སྙིའི་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པར་ཁྲག་མངར་ཁོ་ནར་ཞིབ་བཤེར་བྱས་ན་ཆོག་པར་འདོད་པ། དོན་དངོས་སུ་གཅིན་སྙིའི་ནད་པའི་ཁྲག་མངར་ལ་ཚོད་འཛིན་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་ཚད་ལེན་བྱེད་པར། ཁྲག་མངར་དང་མངར་འགྱུར་ཁྲག་དམར་སྤྲི་དཀར་གཉིས་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས། མངར་འགྱུར་ཁྲག་དམར་སྤྲི་དཀར་ནི་དུས་ཡུན་རིང་བོར་ཁྲག་མངར་ལ་ཚོད་འཛིན་བྱས་པའི་དཔྱད་འཇོག་དམིགས་ཚད་གལ་ཆེན་ཞིག་ཡིན།
ནོར་འཁྲུལ་བརྒྱད་པ། གཅིན་སྙིའི་ནད་ལ་ངོས་བཟུང་ཟིན་ནའང་། གལ་ཏེ་ལུས་ཕུང་ལ་མི་བདེ་བའི་ཚོར་སྣང་མེད་ན་བརྟག་དཔྱད་དང་གསོ་བཅོས་བྱེད་མི་དགོས་པར་འདོད་པ། ཡང་དག་པའི་བྱེད་ཐབས་ནི་གཅིན་སྙིའི་ནད་ལ་དུས་ཐོག་དང་སྔ་མོ་ནས་ཚད་ལྡན་སྒོས་བརྟག་དཔྱད་དང་གསོ་བཅོས་བྱེད་དགོས།
ནོར་འཁྲུལ་དགུ་བ། ཁྲག་མངར་ལ་ཚོད་འཛིན་བྱས་ནས་རྒྱུན་ལྡན་དུ་གྱུར་ཚེ། ཡང་བསྐྱར་ཁྲག་མངར་ལ་ཞིབ་བཤེར་ཚད་ལེན་དང་གསོ་བཅོས་བྱེད་མི་དགོས་པར་འདོད་པ། ཡང་དག་པའི་བྱེད་ཐབས་ནི། གཅིན་སྙིའི་ནད་དེ་དེང་སྐབས་སངས་དྲག་ཏུ་གཏོང་མི་ཐུབ་པས། ཚེ་གང་བོར་གསོ་བཅོས་བྱེད་དགོས་པའི་ནད་རིགས་ཤིག་ཡིན།
ནོར་འཁྲུལ་བཅུ་བ། ལུས་གསོ་སྨན་རྫས་ལ་ལས་གཅིན་སྙིའི་ནད་སངས་དྲག་ཏུ་གཏོང་ཐུབ་པར་འདོད་པ། དོན་དངོས་སུ་ལུས་གསོ་སྨན་རྫས་ལ་གསོ་བཅོས་ཀྱི་ཕན་འབྲས་མེད་པར་མ་ཟད། ལྷག་པར་དུ་གཅིན་སྙིའི་ནད་སངས་དྲག་ཏུ་གཏོང་མི་ཐུབ། ལུས་གསོ་སྨན་རྫས་དེ་ཟས་རིགས་ཀྱི་གྲས་སུ་གཏོགས་པས། དེས་སྨན་རྫས་ཀྱི་ཚབ་བྱེད་མི་ཆོག་ཅིང་། ནད་རིགས་ཤིག་གསོ་བཅོས་བྱེད་པར་དེ་བས་ཀྱང་ཕན་མི་ཐོགས།།
གོང་གི་ཤེས་བྱ་འདི་དག «མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།