རྒྱུ་རྒན་ནད་ཀྱི་གསོ་བཅོས་མདོར་བསྡུས།
2016.12.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 75

གཅིག རྒྱུ་རྒན་ནད་ཀྱི་གོ་དོན།

ཚ་བ་རྒྱུ་མར་བབས་པ་དང་། གྲང་བས་ཁ་ཟས་མ་ཞུ་བ་སོགས་ཀྱི་རྐྱེན་གྱིས་རྒྱུ་མའི་ནང་གི་ཟས་སྐོམ་འཛིན་བྱེད་རྒྱུ་རྩི་ལ་སྐྱོན་ཤོར་ནས་ཡུན་རིང་དུ་བཤལ་བའི་རྒྱུ་ནད་རྒན་པོའམ་རྙིངས་པའི་ནད་ཅིག་ཡིན་ལ། ནད་ཐོག་ཏུ་དུས་རྒྱུན་པར་མཐོང་མང་བའི་ནད་རིགས་ཤིག་ཀྱང་ཡིན།

གཉིས། རྒྱུ་རྒན་ནད་ཀྱི་རྒྱུ་རྐྱེན།

རྒྱུ་རྒན་ནད་ཀྱི་རྒྱུ་རྐྱེན་ནི་རྒྱུ་རླུང་དང་རྒྱུ་ཚད་སོགས་རྒྱུ་མའི་ནད་རིགས་དུས་སུ་མ་བཅོས་པ་དང་བཅོས་ཉེས་པ། ཡང་ན་དུས་ཡུན་འགྱངས་པའི་ནད་རིགས་ཤིག་རེད།

གསུམ། རྒྱུ་རྒན་ནད་ཀྱི་རྟགས།

མན་ངག་རིན་ཆེན་འབྱུང་གནས་ལས། རྒྱུ་རྒན་གང་ཟོས་འཁྲུ་ཞིང་ལུས་ཟུངས་ཆག བཅོས་ཀྱིས་མི་ཐུབ་ལོ་དང་ཟླ་བར་འཁྲུ། ཞེས་གསུངས་པ་བཞིན་རྒྱུན་དུ་ཁོག་པ་བཤལ་བ་དང་གང་ཟོས་མར་བཤལ་བ། ན་གཟེར་མེད་པ། འཁྱགས་པའི་རིགས་དང་སྣུམ་བག་ཟོས་རྗེས་ལྷག་པར་བཤལ་བ། ལུས་སྟོབས་འཆོར་བ། བཤལ་བའི་དུས་ཡུན་རིང་བ་བཅས་ཡིན།

བཞི། བཅོས་ཐབས།

གསོ་ཚུལ། ལུས་ཟུངས་གསོ་བ། རྒྱུ་རྩི་བསྲུང་བ། འཁྲུ་བ་གཅོད་པ།

1.ཟས་ཀྱི་བཅོས་ཐབས། ཟུར་མཁར་བྱེ་བ་རིང་བསྲེལ་ལས། ཚོ་ཁུ་ཟས་དྲོན་ཆ་ཡིས་བསྐྱེད། ཅེས་གསུངས་པ་ལྟར་ཤ་རིད་དང་ཆང་རག ར་ཤ  འཇུ་དཀའ་བའི་ཁ་ཟས་རིགས་ལ་འཛེམ་དགོས།

2.སྤྱོད་ལམ་གྱི་བཅོས་ཐབས།

མན་ངག་རིན་ཆེན་འབྱུང་གནས་ལས། སྤྱོད་ལམ་གོས་མེད་འགྲོ་དང་ཆུར་བརྒལ་བ། ལ་སོགས་འཁྱག་རྔུལ་ལོ་དུས་བར་དུ་བསྲུང་། ཞེས་གསུངས་པ་བཞིན་ལུས་གྲང་བ་དང་རྩོལ་བས་དྲགས་པས་རྔུལ་ཆུ་མང་པོ་ཐོན་པ་སོགས་ལ་མཉམ་འཇོག་བྱ་དགོས།

3.ཁོང་སྨན་གྱི་བཅོས་ཐབས།

དུས་རྒྱུན་ནད་ཐོག་ཏུ་ཁོང་སྨན་གྱི་ཁ་ཚར་དང་ལྟག་སྤྲོད་སོགས་སྨན་གྱི་འཕྲུལ་འཁོར་བསྐོར་པས་ཕན་ངོ་འཆར་བ་སྟེ་ཞོགས་ཟས་ཀྱི་རྗེས་སུ་དྭགས་སྨན་བཅོ་ལྔ་དང་བཙོ་ཐལ་མཉམ་སྤྲོད་དུ་གཏོང་བ། རྒྱུ་མར་ཚ་བ་བབས་ན་ཉིན་གུང་གི་ཁ་ཟས་ཀྱི་རྗེས་སུ་གསེར་མདོག་ལྔ་བ་དང་། ཁྱུང་ལྔ་མཉམ་སྤྲོད་བསྟེན་པས་ཕན། ཕྱི་དྲོ་ཟས་རྗེས་འཁྲུ་གཅོད་སེ་འབྲུ་དགུ་བ་དང་གསོ་བྱེད་ཉི་མའི་དཀྱིལ་འཁོར་མཉམ་དུ་གཏོང་བ། དགོང་མོ་ཟས་རྗེས་ཨིནྡྲ་བཅོ་ལྔ་དང་། ཨིནྡྲ་བཞི་ཐང་། ལྟག་པ་སྤྲད་པས་ཕན། རྒྱུ་མར་གྲང་བ་བབས་ན་ཉིན་གུང་གི་ཟ་མའི་རྗེས་སུ་སེ་འབྲུ་ལྔ་བ་དང་རྒྱམ་ཚྭ་བཞི་ཐང་སོགས་ཀྱིས་ཕན་པ་ནད་ཐོག་ཏུ་མཐོང་བ་མང་།

4.དཔྱད་ཀྱི་བཅོས་ཐབས།

རྒྱུ་སྟོད་རྒྱུ་སྨད་ཀྱི་མེ་གསང་ཁ་གསུམ་གསུམ་དུ་མེ་ཐེངས་སྔ་དགོང་དུ་གསུམ་རེ་བསྲོ་ཞིང་ཅུང་ཙམ་བསྲེགས་པས་ནད་བབ་ཆེ་ཆུང་དང་དུས་ཡུན་རིང་ཐུང་སོགས་ལ་གཞིགས་ནས་ལག་ལེན་ཏུ་བཏབ་ན་ཕན་ངོ་ཆེ། དེ་མིན་བྱང་ཚྭ་ཚ་མོར་བསྲོས་པའི་དུགས་དང་སོ་ཕག་ཚ་བསྲོས་ཀྱི་དུགས་ཀྱིས་མེ་དྲོད་གསོ་ལ། འཁྲུ་བ་གཅོད་པར་ཕན།

ལྔ། རྗེས་གཅོད་དེ་ནད་གཞི་སླར་མི་ལྡང་བའི་ཐབས་སམ་མཉམ་འཇོག

ཟུར་མཁར་བྱེ་བ་རིང་བསྲེལ་ལས། རྗེས་གཅོད་གྲོ་མ་བཙོས་པ་ལ། འབྲི་མར་སྡོང་ལྡན་ལན་གསུམ་གཏང་། ཚོ་ཁུ་ཟན་དྲོན་ཆ་ཡིས་སྐྱེད། ཆང་དང་ཤ་རུལ་ཡུན་དུ་སྤང་། ཞེས་གསུངས་པ་བཞིན་གྲོ་མ་བཙོས་པའི་ཁུ་བར་འབྲི་མར་ཚད་ཙམ་བསྲེས་པ་གཏོང་བ་དང་གསར་བཙོས་ཚོ་ཁུ་དང་ཟན་དྲོན་ཡུན་གྱིས་བསྟེན་ན་རྒྱུ་རྩི་བསྲུང་ལ་ཟས་སྐོམ་འཕྲོད་པ། ཆང་དང་ཤ་རུལ་ཡུན་དུ་བསྟེན་མི་རུང་བས་ནད་སླར་མི་ལྡང་བར་རྩ་བ་ནས་དྲག་བསྐྱེད་འབྱུང་ཐུབ་པ་ཡིན།། 

རྩོམ་སྒྲིག་པ། འབྲུག་མོ།