ཁྲག་ཤེད་མཐོ་བའི་ནད་ཀྱི་སྔོན་འགོག་གི་རྒྱུན་ཤེས།
2016.12.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 61

མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁྲག་ཤེད་མཐོ་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་དང་བསྡོངས་ནས་ཀླད་ཁྲག་ཤོར་བ་དང་། སྙིང་ནད་རིགས། མཁལ་མའི་ནུས་པ་ཤོར་བ་སོགས་ནད་རིགས་མང་པོ་ཞིག་འབྱུང་གིན་ཡོད། དེ་བས་བསྡོངས་ཟླའི་ནད་རིགས་དེ་དག་སྔོན་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། མི་སུ་ཞིག་ཡིན་རུང་སྐྱེ་རྒ་ན་འཆིའི་གོ་རིམ་བརྒྱུད་དགོས་པས། དེ་ལ་ཟློག་ཐབས་མེད་པ་ནི་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པར་བརྟེན་ནས་དུས་མ་ཡིན་པའི་སྐྱེ་རྒ་ན་འཆིའི་རྐྱེན་ངན་ལས་རེ་ཞིག་ཟློག་ཐུབ་པའི་སྐབས་ཀྱང་འབྱུང་གིན་ཡོད་སྟབས་མི་རྣམས་ཀྱིས་རྩ་ཆེའི་རིན་བྲལ་གྱི་གོ་སྐབས་འདི་ངེས་པར་དམ་འཛིན་བྱེད་དགོས། དེ་བས་མི་རྣམས་ཀྱིས་ལུས་ཁམས་བདེ་ཐང་ཡོང་བའི་ཐབས་སུ་ནད་རིགས་མི་འབྱུང་བར་བྱེད་རྒྱུ་ནི་ཆེས་གཙོ་བོ་ཡིན་ལ། ནད་གང་ཞིག་མི་འབྱུང་བར་བྱེད་པའི་རྒྱུ་གཙོ་བོ་ནི་སྔོན་འགོག་གི་ཐབས་ལམ་ཡིན། དེ་ལས་ཀྱང་སྔོན་འགོག་གི་ཐབས་ལམ་གཙོ་བོ་ནི་ཟས་སྤྱོད་གཉིས་ཡིན་པས་གཤམ་ནས་དེའི་སྐོར་ངོ་སྤྲོད་ཅིག་བྱེད།

གཅིག ཟས་ཀྱི་བསྟེན་ཚུལ་ལ་དོ་སྣང་བྱེད་པ།

1.ཚུལ་མིན་ཟས་ཀྱི་ཉེས་པ། ཟས་ཀྱིས་རྒྱག་དྲགས་པའམ་ལྟོགས་དྲགས་པར་མི་བྱེད་པར་ཟས་ཚོད་རན་པར་ཟ་བ་དང་། མི་འཕྲོད་པའི་ཟས་དང་དུས་མིན་ཟས་སོགས་མ་བསྟེན་ན་བཟང་སྟེ། དཔེར་ན་ཟས་རིགས་མི་འཕྲོད་པ་ཟོས་རྗེས་སྐྱུགས་པའམ་བཤལ་བས་ལུས་སྟེང་གི་རླུང་ཁམས་འཁྲུགས་ནས་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་པའི་སྐབས་སུ་ཁྲག་ཤེད་ཇེ་མཐོར ་སོང་ནས་ཀླད་ཁྲག་བརྡོལ་བའམ་ཁྲག་རྩ་འགགས་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བས་དེ་ལ་མཉམ་འཇོག་གང་ལེགས་བྱེད་དགོས།

2.དུ་ཆང་གི་ཉེས་པ། ཆང་དང་དུ་བ་མི་བསྟེན་པར་མ་ཟད་ཁ་ཚའི་ཟས་རིགས་ཀྱང་མི་བཟའ་བ། ཆང་མང་པོ་འཐུང་ན་ཁྲག་གི་དྭངས་སྙིགས་འབྱེད་མ་ཐུབ་པ་དང་། བད་ཁྲག་འཕེལ་བ་སོགས་ཀྱིས་རླུང་ཁྲག་གི་རྩ་འགགས་ནས་སྙིང་དང་ཀླད་པའི་ཁྲག་གི་འཁོར་སྐྱོད་ཇེ་ཞན་དུ་སོང་ནས། མཇུག་མཐར་སྙིང་དང་མཆིན་པ། མཁལ་མ་སོགས་ཀྱི་ནུས་པ་ཇེ་ཞན་དུ་འགྱུར་པ་དང་། དེ་ལས་ཀླད་ཁྲག་གི་རྒྱུ་བ་ཇེ་ཞན་དུ་གྱུར་ནས་ལུས་ཀྱི་གཞོགས་ཕྱེད་ཉམས་པ་དང་། ཁ་ངོ་ཡོ་བ་སོགས་ཀྱི་ནད་རིགས་འབྱུང་བ་དང་། ཆང་གི་ནུས་པ་ཚ་བའི་རང་བཞིན་ལས་ཁྲག་གི་འཁོར་སྐྱོད་ཇེ་མགྱོགས་སུ་སོང་ནས་སྙིང་རྩ་དང་། མཆིན་རྩ། ཀླད་རྩ་སོགས་ཀྱི་ཁུར་པོ་ཇེ་ལྗིད་དུ་བཏང་ནས་ཁྲག་ཤེད་མཐོ་བ་ནས་འབག་པ་དང་། ཀླད་ཁྲག་བརྡོལ་བ་སོགས་ཀྱང་འབྱུང་སྲིད་པས་མཉམ་འཇོག་བྱེད་རྒྱུ་གལ་ཆེ། དུ་བ་ཡང་དེ་ལས་མ་འདས་པར་གློ་སྦུག་ངོས་སུ་དུ་དྲེག་ཆགས་པ་སོགས་ད་ལྟའི་སྐར་འཕྲིན་དང་དྲ་རྒྱའི་ངོས་སུ་བཏང་བའི་པར་རིས་སོགས་ལས་མིག་མཐོང་ལག་ཟིན་ཡིན་ལ། དེའི་དཔེ་ནི་དུ་ཁུང་ལ་དྲེག་པ་ཆགས་པ་ནང་བཞིན་ཡིན་པ་དང་། དེས་གློ་བའི་ནུས་པར་ཤུགས་རྐྱེན་ཐེབས་པར་མ་ཟད། ལུས་སྟེང་གི་ཁྲག་རྩ་ཡང་སྲ་འགྱུར་ལས་སྙིང་ཁྲག་གི་རྒྱུ་བ་ཇེ་ཞན་དུ་སོང་བས་སྙིང་གཟེར་དང་། ཁྲག་རྩ་འགགས་པའི་ནད་རིགས་སྣ་ཚོགས་བསྐྱེད་སྲིད་པས། དུ་ཆང་བསྟེན་པར་གཟབ་གཟབ་བྱེད་དགོས།

3.སྐོམ་ཆུ་བསྟེན་པའི་ནུས་པ། སྐོམ་ཆུ་ནི་མི་རྣམས་ལ་རྒྱུས་མངའ་ཆེ་ཡང་དེ་ལས་ལུས་ཕུང་ལ་གནོད་པ་མང་བ་ཚང་མས་ཤེས་ཀྱིན་མེད་པ་འདྲ། སྐོམ་ཆུ་ལ་སྣ་མང་བ་དང་། བཅུད་ལྡན་འོ་མ་ཅན་དང་། བཏུང་ཇ། ཁོ་ཧླེ་ལ་སོགས་ཡོད་པ་དང་། དེ་དག་གི་གྲུབ་ཆ་ཡང་ཚྭ་དང་། ཀ་ར། ཚིལ་ཞག་སོགས་རྫས་འགྱུར་སྣ་ཚོགས་ཀྱིས་གྲུབ་པས་དེར་ཁྲག་རྩ་འཁུམས་པའི་ནུས་པ་ཡོད་ལ། ཁྲག་རྩ་སྐེམ་པས་ངེས་པ་ཡང་ཡོད་པས་དེ་རིགས་བསྟེན་པར་གཟབ་གཟབ་བྱེད་དགོས་པའང་ཤེས་དགོས།

གཉིས། སྤྱོད་ལམ་བསྟེན་ཚུལ་ལ་དོ་སྣང་བྱེད་པ།

1.རྒྱུན་སྤྱོད་ལ་དོ་སྣང་། མྱ་ངན་གྱིས་སེམས་སྡུག་དྲགས་པ་དང་སེམས་ཤུགས་མི་བརྟན་པ། བྱ་བའི་དབང་གིས་སེམས་ཁུར་ཆེ་བ་དང་། ཁོང་ཁྲོ་ལངས་པ་སོགས་ཀྱང་ཁྲག་ཤེད་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་དུས་ལྟར་མཚན་མོར་ངལ་གསོ་བ་དང་། མྱ་ངན་ཆེ་བ། སྨྲ་བ་མང་བ། འཇིགས་ཤིང་སྐྲག་པ། རྩོལ་བས་དུབ་པ་སོགས་ཀྱི་ལས་སྤང་དགོས་ལ། ལྷག་པར་སྤྲོ་སེམས་ལྡན་པར་བྱེད་དགོས།
ཁྱིམ་མི་དང་ལས་གྲོགས་ཀྱི་བར་དུ་བསམ་ཚུལ་མི་མཐུན་པའམ་ཡང་ན་འགལ་བ་བྱུང་སྐབས། ཕན་ཚུན་གྱི་བསམ་ཚུལ་ལ་ཉན་ནས་སེམས་བདེ་བག་ཕེབས་དང་ཚིག་འཇམ་གྱི་སྒོ་ནས་འགལ་བ་སེལ་ཐབས་བྱེད་དགོས་པ་ལས། ཁ་རྩོད་ཚིག་རྩོད་བྱས་ན་སེམས་ཁམས་འཁྲུག་ནས་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད། དུས་རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་ཁམས་ཇེ་ཡང་དུ་འགྲོ་བ་དང་། ལུས་ཟུངས་ཀྱི་བད་ཁྲག་སོགས་ཀྱི་ཚད་ཇེ་དམའ་རུ་འགྲོ་བས། ཚད་ལྡན་གྱི་འགུལ་སྐྱོད་ལ་བརྟེན་ནས་ལུས་རྩལ་སྦྱོང་བརྡར་བྱས་ན་ནད་རིགས་འགོག་པར་མ་ཟད་ལུས་ཕུང་བདེ་ཐང་ལ་ཕན་པ་ཡིན།

2.དུས་སྤྱོད་ལ་དོ་སྣང་། དུས་བཞི་ལས་དགུན་ཁ་ཁྲག་ཤེད་ཇེ་མཐོ་རུ་འགྲོ་བ་མངོན་གསལ་ཡིན་ལ། ཉིན་རེའི་ཞོགས་པའི་དུས་ཚོད་དྲུག་ནས་བརྒྱད་དང་ཕྱི་དྲོའི་ལྔ་ནས་བརྒྱད་བར་ཁྲག་ཤེད་ཆེས་མཐོ་བའི་དུས་ཡིན་པ་དང་། དབྱར་ཁའི་ཚ་གདུག་ཆེ་བའི་དུས་སུ་ཡང་ཁྲག་ཤེད་ཆེས་མཐོ་བས་ཉི་མ་བསྲོ་བ་དང་། ལས་ཀ་ལྗིད་མོའི་རིགས་གཏན་ནས་བྱེད་མི་རུང་། དུས་རྒྱུན་དུ་ཡང་ལུས་འཁྱགས་དྲགས་ན་ཁྲག་ཤེད་ཇེ་མཐོར་འགྲོ་ལ། དྲོས་དྲགས་ན་ཡང་ཁྲག་ཤེད་ཇེ་མཐོར་འགྲོ་བས་དེ་དག་ལ་མཉམ་འཇོག་བྱེད་དགོས། དེ་བས་ཟས་སྐོམ་ཡང་དབྱར་ཁ་ཚ་བ་ཆེ་བའི་སྐབས་སུ་བསིལ་ཟས་རིགས་ཅུང་བསྟེན་ན་བཟང་ལ་དགུན་དུས་འཁྱགས་པའི་སྐབས་སུ་དྲོ་བའི་ཟས་སྐོམ་རིགས་མང་དུ་བསྟེན་ན་བཟང་།

3.གནས་སྐབས་ཀྱི་སྤྱོད་ལམ་ལ་དོ་སྣང་། ལྟོགས་པའམ་སྐོམ་པའི་དབང་གིས་མགོ་ཡུ་འཁོར་བ་དང་། ཟས་ཟ་མར་ཡི་ག་མེད་པ་སོགས་ཀྱིས་མགོ་བོ་ཐང་ལ་བརྡབས་པའམ་ཡར་ལ་སྐྱུགས་པ་དང་། གློ་བུར་དུ་སྦྲིད་པ། དྲི་ཆེན་སྐམ་པའམ་བཀག་པས་ཤུགས་ཀྱིས་བཙིར་བ་སོགས་ཀྱིས་རླུང་ཁྲག་གི་རྒྱུ་བ་ལ་ཕོག་ཐུག་བཏང་ནས་ཀླད་ཁྲག་བརྡོལ་བའི་ཉེན་ཁ་འབྱུང་བས། དེ་ལ་ཐབས་དང་སྨན་གྱིས་བཤང་བ་སྐམ་དུ་མི་འཇུག་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

རྩོམ་སྒྲིག་པ། འབྲུག་མོ།