བདེ་ཐང་སློབ་གསོའི་སྐོར་གླེང་བ།
2017.01.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 309

བདེ་ཐང་སློབ་གསོ་ནི་མིའི་རིགས་ཀྱི་འཚོ་གནས་དང་བདེ་སྐྱིད་ཀྱི་རྩ་བའི་ཁག་ཐེག་ཡིན་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པ་མ་ཟད། མི་རེ་རེར་བདེ་ཐང་གི་བསམ་བློའི་སྤུས་ཚད་ཕུན་སུམ་ཚོགས་པ་ཞིག་ཆགས་པར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་ནའང་། མིག་སྔར་སློབ་གསོའི་ལག་ལེན་ཁྲོད་ན་ད་དུང་སྣང་མེད་དུ་ལུས་ཏེ། བྱིས་པའི་ལུས་སེམས་འཕེལ་རྒྱས་དང་འཚོ་གནས་ལ་ཤན་ཤུགས་ཐེབས་པའི་གནས་ཚུལ་ཚབས་ཆེ་བས། འདིའི་སྐོར་ཕྲན་ཙམ་གླེང་བ་ལ། 

གཅིག དུས་རབས་ཉེར་གཅིག་པའི་ན་ཚ།

དུས་རབས་གསར་བར་དཔུང་འཇུག་བྱེད་པའི་མི་སུ་ཞིག་དང་མི་རིགས་གང་ཞིག་ཡིན་ཡང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་དཀའ་ཁག་རབ་དང་རིམ་པ་གང་མང་ཞིག་ལ་འཕྲད་སྲིད་ངེས་རེད། དཀའ་ཁག་དེ་དག་ལས་ཕལ་ཆེ་བ་ནི་སེམས་ཁམས་ཀྱི་དཀའ་ཁག་རེད་ལ། སེམས་ཁམས་ཀྱི་དཀའ་ཁག་དེ་དག་ངོས་འཛིན་དང་སྙོམ་སྒྲིག་བྱེད་ཐུབ་མིན་གྱི་དབང་གིས་འབྱུང་བཞིན་ཡོད་དེ། དཔེར་ན། སློབ་གྲོགས་རེ་གཉིས་ཀྱིས་མི་ལོ་བཅུ་གགཉིས་ལྷག་གི་རིང་ལ་སློབ་སྦྱོང་བྱས་མཐར་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་ཚེ་ལྕེབས་འགག་གི་ལས་བྱེད་པ་ལྟ་བུ་ཡོད་ལ། སློབ་གྲོགས་རེ་གཉིས་ཀྱིས་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་ཀྱང་རང་གིས་སྦྱངས་པའི་ཤེས་ནུས་རྩལ་གསུམ་ལ་བརྟེན་ནས་རང་ཉིད་འཚོ་གནས་བྱེད་ཐུབ་པ་མ་ཟད། ད་དུང་སྤྱི་ཚོགས་འཕེལ་རྒྱས་ལ་ལག་རྗེས་རླབས་ཆེན་བཞག་དང་འཇོག་བཞིན་ཡོད་པ་ཡང་ཧ་ཅང་མང་པོ་ཡོད་པ་ལྟ་བུ་རེད། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་འགྲོ་བ་མིའི་རིགས་ཀྱིས་རེ་སྙེག་བྱེད་ས་ནི་བདེ་སྐྱིད་ཀྱི་འཚོ་བ་ཡིན་ལ་མིའི་བདེ་སྐྱིད་འཚོ་བའི་རྨང་གཞི་ནི་བདེ་ཐང་ཡིན། མིའི་བདེ་ཐང་ལ་ངོས་འཛིན་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་ན་ཡང་། མཐར་གཏུགས་ན་མིའི་བདེ་ཐང་ནི་མིའི་ལུས་པོ་བདེ་ཐང་དང་སེམས་ཁམས་བདེ་ཐང་གཉིས་སུ་མ་འདུས་པ་མེད་མོད། ད་ལྟ་གོམས་སྲོལ་གྱི་དབང་གིས་མིའི་བདེ་ཐང་དེ་ལུས་པོ་བདེ་ཐང་ཁོ་ནར་ངོས་འཛིན་བྱས་ཏེ་སེམས་ཁམས་བདེ་ཐང་སྣང་མེད་དུ་ལུས་ཡོད་པ་རེད།

འདི་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་ནི་ལུས་པོའི་ཐོག་དང་སེམས་ཁམས་ཀྱི་ངོས། སྤྱི་ཚོགས་སྟེང་གི་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་ཡིན་པ་ལས། ལུས་ལ་ན་ཚ་ཡོད་མེད་དང་ལུས་སྟོབས་ཉམས་པའི་སྣང་ཚུལ་ཙམ་མིན། ཞེས་བཤད་པ་འདིས་ཡང་བསྐྱར་གསལ་བཤད་བྱས་ཡོད་པ་ནི། མི་ཞིག་བདེ་ཐང་ཡིན་མིན་ནི་ཁོའི་དབང་བོ་ལ་སྐྱོན་མེད་པའི་སྟེང་དུ་ལུས་ལ་སྙུང་གཞི་མེད་པ། ད་དུང་དེའི་ཁར་ལུས་གཟུགས་ཐང་པོ་བཅས་ཡིན་ན་བདེ་ཐང་ཡིན་པའི་ངེས་པ་མེད་ལ། མིའི་བདེ་ཐང་གི་ལྟ་ཚུལ་ཆ་ཚང་བ་ནི། ལུས་པོ་བདེ་ཐང་ཡིན་པའི་སྟེང་དུ་སེམས་ཁམས་བདེ་ཐང་ཡིན་ཞིང་། ད་དུང་སྤྱི་ཚོགས་ལ་འཚམ་པ་བཅས་ཡིན་ན་བདེ་ཐང་རེད། བྱེ་བྲག་གི་ལས་ཀ་ཞིག་ལ་སྦྱར་ནས་བཤད་ན། ལས་ཀ་དེར་དགའ་སྣང་གིས་ཁྱབ་པའི་སྟེང་དུ་ཁོར་ཡུག་དང་འཚམ་ཞིང་། ཡང་དག་པའི་ཐག་གཅོད་དང་ཡིད་ཆེས་བརྟན་པོ། ངོས་འཛིན་ཡང་དག་པ་བཅས་ནི་བདེ་ཐང་རེད་ལ། ཉིན་ཞིག་གི་སྤྱོད་ལམ་ལ་སྦྱར་ན། ནངས་སྔ་མོ་གཉིད་ལས་སད་པ་ནས་སེམས་ལ་དགའ་སྣང་གི་ཚོར་བས་ཁྱབ་པ། ལྡང་མྱུར་བ། བྱ་བ་དང་སློབ་སྦྱོང་ལ་སྤྲོ་སྣང་ཆེ་བ་བདེ་ཐང་གི་མཚོན་རྟགས་རེད།

ད་ལྟ་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་གི་རེ་སྙེག་ཇེ་མཐོར་འགྲོ་བཞིན་ཡོད་ནའང་། བདེ་ཐང་གི་ངོས་འཛིན་དང་བྱེད་ཐབས་ཡང་དག་ཡིན་མིན་གྱིས་མིའི་རིགས་ཀྱི་བདེ་ཐང་ལ་ཤན་ཤུགས་ཚབས་ཆེན་ཐེབས་བཞིན་ཡོད་ལ། བྱིས་པའི་བདེ་ཐང་དང་འཚོ་གནས་ལ་ཤན་ཤུགས་ཐེབས་ཚད་ཆེས་མཐོ་བ་རེད། དེ་བས། བདེ་ཐང་ནི་མི་ཚེའི་རྒྱུ་ནོར་ཨང་དང་པོ་ཡིན་པ་དང་། མིའི་རིགས་ཀྱི་བདེ་སྐྱིད་དེ་ལུས་སེམས་བདེ་ཐང་གི་རྨང་གཞིའི་སྟེང་ཆགས་ལ། གལ་ཏེ་མི་ཞིག་ལ་བདེ་ཐང་གི་རྨང་གཞི་མེད་ཚེ་བདེ་སྐྱིད་ཀྱི་འཚོ་བ་ནི་ནམ་གུང་གི་རྨི་ལམ་ལྟ་བུ་ཞིག་ཡིན་ངེས་རེད།

དེ་བས་མི་ཞིག་བདེ་ཐང་ཡིན་མིན་ནི་སྐྱེ་ལུགས་གསོ་རིག་ཁོ་ནའི་ཐད་ནས་ཐག་གཅོད་མི་ཐུབ། སེམས་ཁམས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་ཀྱི་དཔྱད་བསྡུར་དང་ལེགས་བཅོས་བྱས་ཚེ་མིའི་ལུས་སེམས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་ངེས་ཡིན། དེ་ལྟ་མ་ཡིན་པར་སེམས་ཁམས་བདེ་ཐང་སྣང་མེད་དུ་བཞག་ཚེ་ལུས་པོ་བདེ་ཐང་ཡིན་ལ་སེམས་ཁམས་བདེ་ཐང་མ་ཡིན་པའི་དབང་བོ་སྐྱོན་ཅན་མང་པོ་བྱུང་དང་འབྱུང་ངེས་རེད། གལ་ཏེ་སེམས་ཁམས་བདེ་ཐང་ཡིན་ཚེ་ལུས་པོ་དེ་ལྟ་བུའི་བདེ་ཐང་ཞིག་མིན་ཡང་སྤྱི་ཚོགས་ལ་ལག་རྗེས་ཆེ་བ་ཀྲང་ཧའེ་ཏི་དང་ཤིང་ཁྲི་མཁན་ཆེན་ཚེ་དབང་རིག་འཛིན་ལྟ་བུ་རེད།

མདོར་བསྡུས་ན། བདེ་ཐང་གི་ལུས་ཁམས་ལ་གཙིགས་ཆེན་བྱེད་དགོས་པ་མ་ཟད། དེ་བས་ཀྱང་འཐུས་ཚང་གི་སེམས་ཁམས་རང་གཤིས་ཡོད་ཚེ་ད་གཟོད་བདེ་ཐང་གི་མི་ཆ་ཚང་བ་ཞིག་ཆགས་པ་ཡིན་པས། ལུས་པོ་བདེ་ཐང་གིས་མིའི་བདེ་ཐང་གི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད་ལ། སེམས་ཁམས་བདེ་ཐང་གིས་མིའི་བདེ་ཐང་གི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད། ཡང་གཅིག་བཤད་ན། ལུས་ཁམས་ཀྱི་ན་ཚས་མིའི་ན་ཚའི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད་ལ། སེམས་ཁམས་ཀྱི་ན་ཚས་མིའི་ན་ཚའི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད། དེས་ན་བདེ་ཐང་ལ་རེ་སྙེག་བྱེད་མཁན་ཞིག་ཡིན་ཕྱིན་ཐོག་མར་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་གཙིགས་ཆེན་བྱེད་དགོས་པར་མ་ཟད། དེ་བས་ཀྱང་སེམས་ཁམས་འཕྲོད་བསྟེན་ལ་གཙིགས་ཆེན་བྱས་ཏེ། དུས་རབས་ཉེར་གཅིིག་པའི་ན་ཚ་སྟེ་སེམས་ཁམས་ཀྱི་ན་ཚ་ལ་ཡང་བསྐྱར་ངོས་འཛིན་དང་། སྔོན་འགོག་སྨན་བཅོས་བྱེད་རྒྱུ་དེ་ཆེས་གལ་ཆེ་བ་རེད་སྙམ།

གཉིས། སེམས་ཁམས་བདེ་ཐང་།

མིའི་སེམས་ཁམས་ཀྱི་ན་ཚ་སྔོན་འགོག་བྱས་ཏེ་མིའི་རིིགས་འདི་བདེ་སྐྱིད་ཀྱི་ལམ་གསར་བ་ཞིག་ཏུ་འགྲོ་དགོས་ན། ཐོག་མར་སྤྱི་ཚོགས་ཧྲིལ་བོས་སེམས་ཁམས་བདེ་ཐང་ལ་ངོས་འཛིན་ཆ་ཚང་བ་ཞིག་བྱེད་དགོས་ལ། ནང་སྒོས་སུ་སློབ་གསོ་ལས་སྒྲུབ་པ་རྣམས་ཀྱིས་བྱིས་པ་སོ་སོའི་འཚོ་གནས་དང་མི་ཚེའི་རྒྱལ་ཕམ་ལ་ཐད་ཀར་རག་ལས་པའི་བྱིས་པའི་སེམས་ཁམས་བདེ་ཐང་ལ་དབྱེ་འབྱེད་གསལ་བོ་ཞིག་དང་། སེམས་ཁམས་བདེ་ཐང་མ་ཡིན་པའི་སློབ་མ་ཚོའི་སེམས་ཁམས་ཀྱི་དཀའ་ཁག་སེལ་བར་རོགས་རམ་དང་། སེམས་ཁམས་ཀྱི་ན་ཚ་སྔོན་འགོག་བྱེད་པར་གཙིགས་ཆེན་བྱེད་དགོས་མོད། ང་ཚོའི་དགེ་རྒན་དང་སློབ་གསོ་པ་ཕལ་ཆེ་བ་ཞིག་སློབ་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་མཁན་ཁོ་ན་ཙམ་ཞིག་ལས་མིའི་འཚོ་གནས་ནུས་པ་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་མཁན་ཞིག་དང་། བྱིས་པའི་ལུས་སེམས་བདེ་ཐང་སྐྱེད་སྲིང་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་མེད་ལ། བྱིས་པའི་སེམས་ཁམས་ཀྱི་ན་ཚ་འགོག་བཅོས་བྱེད་མཁས་པའི་སེམས་ཁམས་ཀྱི་སྨན་པ་ཚད་ལྡན་ཞིག་དེ་བས་ཀྱང་དཀོན་པ་རེད།

སེམས་ཁམས་ཀྱི་འཕྲོད་བསྟེན་འདི་ལ་གཙིགས་ཆེན་བྱས་མིན་དང་གཙིགས་ཆེན་བྱེད་ཤེས་མིན་གྱི་དབང་གིས་བྱིས་པ་སྐོར་ཞིག་བདེ་ཐང་གིས་ནར་སོན་བཞིན་ཡོད་ནའང་། ད་དུང་བྱིས་པ་སྐོར་ཞིག་གི་སེམས་ཁམས་ལ་ན་ཚ་བྱུང་སྟེ། ཁྲིམས་འགལ་གྱི་ལམ་དུ་འགྲོ་བ་དང་། རང་སྲོག་རང་གིས་གཅོད་པ། ལུས་སེམས་ལ་ན་ཚ་ཕོག་པ་སོགས་མི་ཚེ་ཕམ་ཁའི་ལམ་དུ་འགྲོ་བའི་གནས་ཚུལ་ཚབས་ཆེ་མོད། ཁྱིམ་བདག་དང་དགེ་རྒན་མང་ཆེ་བ་ཞིག་གིས་རང་གི་སློབ་གསོ་བྱེད་ཐབས་ལ་མཉམ་འཇོག་བྱེད་རྒྱུ་ལྟ་ཞོག ད་དུང་སློབ་གྲོགས་ཆེ་གེ་མོ་རྒྱུགས་མ་འཕྲོད་པར་ལྕེབས་པ་རེད། སློབ་གྲོགས་ཆེ་གེ་མོས་བྱ་ངན་དེ་དང་དེ་ལས་ནས་ཁྲིམས་ཁང་དུ་སོང་བ་རེད། སློབ་གྲོགས་ཆེ་གེ་མོ་རྒྱུགས་འབྲས་མ་བཟང་བར་བྲོས་སོང་བ་རེད། སློབ་གྲོགས་ཆེ་གེ་མོས་སློབ་གྲྭ་ནས་ཆང་འཐུང་གཅར་རེས་བྱས་ཏེ་སློབ་ཆེན་ནས་ཕྱིར་ཕུད་པས་སྤྱི་ཚོགས་སྟེང་གི་རྐྱལ་སྟོང་དུ་གྱུར་པ་རེད། སོགས་སློབ་མའི་ཉེས་པ་ཁོ་ན་ཞིག་བརྩི་བ་ལས། དགེ་རྒན་རང་གིས་སློབ་མའི་སེམས་ཁམས་བདེ་ཐང་གི་འགན་མ་ཐེག་པ་དང་། སེམས་ཁམས་ཀྱི་ན་ཚ་སྔོན་འགོག་དང་དུས་ལྟར་ལེགས་བཅོས་བྱེད་མ་ཐུབ་པའི་མཇུག་འབྲས་བྱིས་པའི་སྟེང་དུ་སྨིན་པ་རྨི་ལམ་ཙམ་དུ་ཡང་རྨི་ཐུབ་ཀྱིན་མེད་པ་རེད།

དགེ་རྒན་མང་ཆེ་བ་ཞིག་ལ་མཚོན་ན། ཇི་ལྟ་བུ་ཞིག་ནི་སེམས་ཁམས་བདེ་ཐང་ཡིན་པ་དང་། དགེ་རྒན་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་སྨན་པ་དང་སློབ་གྲྭ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་སྨན་ཁང་་ཡིན་པར་མ་ཟད། སློབ་གསོའི་བྱ་འགུལ་སོ་སོ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་བྱ་འགུལ་དང་། སློབ་གསོའི་དུས་ཚོད་རེ་རེ་ནི་སློབ་མའི་སེམས་ཁམས་བདེ་ཐང་གི་དུས་ཚོད་རེད་ལ། སློབ་གསོ་དང་སློབ་ཁྲིད་ཀྱི་དམིགས་ཚད་རེ་རེ་ནི་བྱིས་པའི་ལུས་སེམས་བདེ་ཐང་གི་དམིགས་ཚད་ཉག་གཅིག་ཡིན་པ་ངོས་འཛིན་བྱས་པ་ཤིན་ཏུ་མི་འདང་བས། ཕྱིན་ཆད་བྱིས་པའི་སེམས་ཁམས་བདེ་ཐང་གི་དམིགས་ཚད་ཆེན་པོ་འདི་ཡོངས་འགྲུབ་བྱེད་ཐུབ་མིན་ནི་སློབ་གྲྭ་བཟང་ངན་དང་དགེ་རྒན་བཟང་ངན་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་པ་རེད་སྙམ།

འོ་ན་སེམས་ཁམས་བདེ་ཐང་ཞེས་པ་དེ་ཡང་སྙིང་ཅི་ལྟ་བུ་ཞིག་ཡིན་ཞེ་ན། འདི་ནི་བདེ་ཐང་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན་ནའང་བདེ་ཐང་སློབ་གསོ་ལ་གཙིགས་ཆེན་བྱས་མིན་གྱི་དབང་གིས་སེམས་ཁམས་བདེ་ཐང་ལ་ཡང་ངོས་འཛིན་འདྲ་མིན་སྣ་ཚོགས་པ་འབྱུང་བཞིན་ཡོད་ལ། དེ་ནི་སེམས་ཁམས་རིག་པ་བ་དང་གསོ་བ་རིག་པ་བ། སྤྱི་ཚོགས་རིག་པ་བ་སོགས་ཀྱིས་རང་རང་གི་ཟུར་ཚད་ནས་ངོས་འཛིན་བྱས་ཡོད་དེ། དབྱིན་ཀི་ལེ་ཧྲིས། སེམས་ཁམས་བདེ་ཐང་ནི་རྒྱུན་མཐུད་ཀྱི་སེམས་ཁམས་གནས་ཚུལ་ཞིག་དང་། གནས་ཚུལ་དེ་འདྲའི་འོག་ཏུ་དོ་བདག་པས་མཐུན་ཐབས་ལེགས་པོ་ཞིག་འདོན་ཐུབ་ཅིང་། ཚེ་སྲོག་གི་གསོན་ཤུགས་ལྡན་པ་མ་ཟད། རང་གི་ལུས་སེམས་ཀྱི་བག་ལ་ཞ་བའི་ནུས་པ་འདོན་གང་ལེགས་བྱེད་ཐུབ་པ་ལ་ཟེར་ཞིང་། སྨྱོ་ནད་རིག་པ་བ་མའེ་ལིན་ཀིས་སེམས་ཁམས་བདེ་ཐང་ནི་མི་རྣམས་དང་ཁོར་ཡུག་ཕན་ཚུན་གྱི་བར་དུ་ཕན་ཕྱོད་ཆེན་པོ་ཞིག་ལྡན་པ་སྟེ། སྤྲོ་སྐྱིད་ཀྱི་རང་འཚམ་གནས་ཚུལ་ཞིག་ལ་འདོད།

སྤྱི་ཚོགས་རིག་པ་བ་པའོ་མིན་གྱིས་སེམས་ཁམས་བདེ་ཐང་ནི་ཆུ་ཚད་ག་གེ་མོ་དང་མཐུན་པའི་སྤྱི་ཚོགས་ཀྱི་སྤྱོད་ལམ་ཞིག་སྟེ། ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱིས་དང་ལེན་བྱེད་པ་དང་། ཕྱོགས་ཅིག་ཤོས་ནས་རང་ཉིད་ལ་སྤྲོ་སྐྱིད་བསྐྱལ་ཐུབ་པར་འདོད་པ་སོགས་གང་ཡིན་ཡང་མཐར་གཏུགས་ནས་བཤད་ན། སེམས་ཁམས་བདེ་ཐང་ཡིན་མིན་ནི་ལྟོས་ས་ལྟོས་འཇོག་གི་སེམས་ཁམས་གནས་ཚུལ་ཞིག་རེད་ལ། སེམས་ཁམས་དེ་གཙོ་བོ་སྤྱི་ཚོགས་ཁོར་ཡུག་གམ་ཚད་གཞི་ལ་འཚམ་མིན་དང་། རང་ཉིད་ལ་སྤྲོ་སྐྱིད་དང་ཚེ་སྲོག་གི་གསོན་ཤུགས་ཡོད་མེད་ལ་བལྟས་ནས་སེམས་ཁམས་བདེ་ཐང་ཡིན་མིན་ཐག་གཅོད་བྱེད་བཞིན་ཡོད།

ངས་བལྟས་ན། ཐོག་མར་སྤྱི་ཚོགས་ཀྱི་ཁོར་ཡུག་གམ་ཚད་གཞི་དེར་འཕོ་འགྱུར་འབྱུང་ངེས་ཡིན་ལ། ཚད་གཞི་དེར་འཚམ་མིན་གཞལ་མཁན་གྱི་མི་སོ་སོའི་གཞལ་ཚུལ་ལ་ཡང་འདྲེ་མིན་སྣ་ཚོགས་པ་ཞིག་འབྱུང་སྲིད། ད་དུང་མི་སོ་སོའི་སྤྲོ་སྐྱིད་དང་ཚེ་སྲོག་གི་གསོན་ཤུགས་ཡང་རྩ་བ་ནས་མི་འདྲ་བས། སེམས་ཁམས་བདེ་ཐང་ཡིན་མིན་དེ་ཁྱབ་ཆེ་ཆུང་དང་མི་མང་ཉུང་གིས་དབྱེ་འབྱེད་བྱེད་དགོས་པའི་གནས་ཚུལ་ཡང་འབྱུང་སྲིད་དེ། དཔེར་ན། འགྲོ་བ་མིའི་རིགས་ལ་མཚོན་ན་ཕྱི་རྐྱེན་དང་ནང་རྐྱེན་སྣ་ཚོགས་ཀྱི་དབང་གིས་མིའི་སེམས་ཁམས་ཀྱི་བྱེད་ལས་ལ་ཚད་མི་འདྲ་བའི་སྒོ་ནས་འགལ་རྐྱེན་ཐེབས་པའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད་ལ། མི་སུ་ཡིན་ཡང་སེམས་ཁམས་བདེ་ཐང་མིན་པའི་རྣམ་པ་འབྱུང་སྲིད། ནང་སྒོས་སུ་སོ་མ་འབུས་བཞིན་པའི་མེ་ཏོག་གཞོན་ནུ་ལྟ་བུའི་བྱིས་པའི་སེམས་ཁམས་ལ་བདེ་ཐང་མིན་པའི་རྣམ་པ་འབྱུང་སླ་ལ། འབྱུང་ཐེངས་མང་ཞིང་འབྱུང་ཐེངས་རེ་རེར་སེམས་ཁམས་བདེ་ཐང་ལ་ཤན་ཤུགས་ཐེབས་ཚད་མཐོ་བས། བྱིས་པའི་སེམས་ཁམས་གནད་དོན་དང་སེམས་ཁམས་འགལ་རྐྱེན། སེམས་ཁམས་ན་ཚ་སྔོན་འགོག་དང་སེམས་ཁམས་འཕྲོད་བསྟེན་ལ་གཙིགས་ཆེན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད་སྙམ།

གསུམ། སེམས་ཁམས་བདེ་ཐང་གི་ཚད་གཞི།

སེམས་ཁམས་བདེ་ཐང་ཡིན་མིན་ལྟོས་ས་ལྟོས་འཇོག་གི་ཅིག་རེད་ལ། ཕྱི་རྐྱེན་དང་ནང་རྐྱེན་གྱི་དབང་གིས་མིའི་སེམས་ཁམས་བྱེད་ལས་ལ་འགལ་རྐྱེན་ཐེབས་པའི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད་པས། མི་སུ་ཞིག་ཡིན་ཡང་སེམས་ཁམས་བདེ་ཐང་ལ་འགལ་རྐྱེན་ཐེབས་ཚད་ཀྱི་དབང་གིས་སེམས་ཁམས་གནད་དོན་དང་། སེམས་ཁམས་འགལ་རྐྱེན། སེམས་ཁམས་ན་ཚ་སོགས་བྱུང་དང་འབྱུང་བཞིན་ཡོད་ནའང་། དོན་དངོས་སུ་མི་ཞིག་ལ་སེམས་ཁམས་ན་ཚ་བྱུང་ཡོད་མེད་བརྡར་ཤ་གཅོད་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཁྱད་པར་དུ་གཉོམ་ལག་མ་རྒྱས་པའི་བྱིས་པར་སེམས་ཁམས་ཀྱི་ན་ཚ་བྱུང་ཡོད་མེད་ངོས་འཛིན་བྱེད་རྒྱུ་ནི་ཤིན་ཏུ་དཀའ་བས། དགེ་རྒན་གྱིས་ཤེས་ཚེ་ད་གཟོད་བཅོས་ཐབས་མེད་པའི་སེམས་ཁམས་ཀྱི་ན་ཚ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཚབས་ཆེ་བ་རེད་ལ། མི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཞིག་ལ་མཚོན་ན། ཐོག་མར་མི་སྐྱེད་སྲིང་བྱེད་རྒྱུ་དང་མི་བདེ་ཐང་ཅན་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་བྱིས་པ་རེ་རེའི་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་ན་ཡང་ད་དུང་ལུས་པོ་བདེ་ཐང་གཙོ་ལ་སེམས་ཁམས་བདེ་ཐང་སྣང་མེད་དུ་འཇོག་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་སྟེ། དཔེར་ན། སློབ་གྲོགས་བྱམས་ཁོ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཚེ། སློབ་གྲོགས་བྱམས་ཁོའི་རྒྱུགས་འབྲས་དང་། ཁོའི་རེ་བ། ལུས་པོ་བདེ་ཐང་གི་གནས་ཚུལ་ལ་བལྟས་ཏེ་སློབ་ཆེན་སོ་སོས་སྡུས་ལེན་བྱེད་པ་ལས། སྤྱིར་བྱིས་པའི་སེམས་ཁམས་བདེ་ཐང་ཡིན་མིན་ལ་ཡང་ལྟ་དགོས་མོད་ཀྱང་རང་ཅག་གིས་ད་དུང་སྣང་མེད་དུ་བཞག་ཡོད།

མཚམས་མཚམས་ལ་བསམ་བློ་བདེ་ཐང་ཡིན་མིན་དེ་ཆབ་སྲིད་ཀྱི་ཐད་ནས་ཐག་གཅོད་པའི་སེམས་ཁམས་བདེ་ཐང་ཆབ་སྲིད་ཅན་གྱི་སྣང་ཚུལ་དང་། སེམས་ཁམས་བདེ་ཐང་ལོ་རྒྱུས་ཅན་གྱི་སྣང་ཚུལ། སེམས་ཁམས་བདེ་ཐང་ཕྱོགས་རུས་ཅན་གྱི་སྣང་ཚུལ་ཐལ་ཆེ་བས། སྤྱི་ཚོགས་ཀྱི་ལས་གནས་སོ་སོའི་སྟེང་ནས་སེམས་ཁམས་བདེ་ཐང་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་པོ་བྱུང་བ་རེད་སྙམ།
དེ་བས། བྱིས་པ་ནར་སོན་པའི་གོ་རིམ་ནི་བྱིས་པ་ལ་བདེ་ཐང་གི་ལུས་ཁམས་དང་སེམས་ཁམས་ཆགས་པའི་གོ་རིམ་ཞིག་ཡིན་པས། བྱིས་པའི་སེམས་ཁམས་བདེ་ཐང་ལ་བརྡར་ཤ་ཇི་ལྟར་གཅོད་དགོས་ཤེ་ན། སློབ་སྦྱོང་ལ་སེམས་ཁྲལ་བྱེད་པའི་བློ་ཕྱོགས་དང་། མི་ལ་སེམས་ཁྲལ་བྱེད་པའི་བློ་ཕྱོགས། གྲོགས་མེད་ཁེར་རྐྱང་གི་བློ་ཕྱོགས། རང་གིས་རང་ལ་ལེ་འདེད་བྱེད་པའི་བློ་ཕྱོགས། སྨན་ལོག་བློ་ཕྱོགས། ལུས་པོའི་ནད་རྟགས། ཞེད་སྣང་བློ་ཕྱོགས། ངར་ལངས་བློ་ཕྱོགས་བཅས་ནི་སེམས་ཁམས་བདེ་ཐང་མིན་པའི་རྟགས་རེད། དེ་ལས་ལྡོག་ན་སེམས་ཁམས་བདེ་ཐང་གི་མཚོན་རྟགས་ཡིན་པས། རྒྱུན་དུ་བརྡར་ཤ་གཅོད་ཐབས་འདི་དག་བཀོལ་ཏེ་རང་གཞན་གྱི་སེམས་ཁམས་བདེ་ཐང་ཡིན་མིན་ལ་དཔྱད་བསྡུར་དང་། སེམས་ཁམས་བདེ་ཐང་གི་ཚད་གཞི་གསར་བ་གཏན་འཁེལ། གལ་ཏེ་སེམས་ཁམས་བདེ་ཐང་མ་ཡིན་པའི་གནས་ཚུལ་ཡོད་ཚེ་དུས་ལྟར་ལེགས་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད་སྙམ།
བཞི། སེམས་ཁམས་སྙོམས་སྒྲིག
སྤྱིར་དུ་བ་ལས་མེར་ཤེས་པ་དང་ཆུ་སྐྱར་ལས་ཆུར་ཤེས་པ་ལྟར་སེམས་ཁམས་ནད་རྟགས་ཀྱིས་མི་ཞིག་གི་སེམས་ཁམས་བདེ་ཐང་གི་ཆུ་ཚད་གསལ་བོ་ཞིག་ཤེས་ཐུབ་སྟེ། དཔེར་ན། སློབ་གྲོགས་ཚེ་ཡག་བློ་ཤུགས་གཅིག་སྒྲིམ་གྱི་ཆུ་ཚད་དམའ་བ་དང་། རྐང་ལག་འགུལ་རྒྱུར་དགའ་བ། རང་གཅུན་གྱི་ནུས་པ་ཞན་པ། བློ་ཁ་མི་བརྟན་པ། ངར་སློང་སླ་བ་སོགས་ནི་འགུལ་མང་གི་ནད་རྟགས་ཆེས་གསལ་བོ་ཞིག་ཡིན་པ་དང་། སློབ་གྲོགས་བླ་སྐྱབས་ལ་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཐམས་ཅད་དགྲར་ལངས་པ་ལྟ་བུ། འོས་ཤིང་མི་འཚམ་པ་སོགས་ཀྱི་སྣང་ཚུལ་བྱུང་ཚེ་སྤྱི་ཚོགས་ལ་འཚམ་ཚད་དམའ་བའི་ནད་རྟགས་རེད། ཡང་སློབ་གྲོགས་ཆོས་ལོ་མི་ལ་ངོ་འཕྲད་པ་ན་ཁ་གྲགས་དཀའ་བ་དང་ཕན་ཚུན་ཁ་གྱེས་སྐབས་བདེ་མོ་ཞུ་དཀའ་བ། རང་ལ་ཆ་རྒྱུས་དང་འབྲེལ་བ་ཡོད་པའི་མི་ལ་འབྲེལ་བའི་རྒྱུན་སྐྱོང་དཀའ་བ། ངོ་ཤེས་གཞན་དང་ཐུག་ཚེ་འཚམས་འདྲི་དང་གུས་ཚིག་མེད་པ། ཁེར་སྡོད་ལ་དགའ་བ་སོགས་ནི་འབྲེལ་གཏུག་འགལ་རྐྱེན་གྱི་ནད་རྟགས་རེད། ཡང་སློབ་གྲོིགས་ལ་ལ་རང་ཡུལ་དང་བྲལ་རྗེས་སྐྲག་སྣང་སྐྱེ་བ་དང་། མི་ཆ་མེད་ལ་སྐྲག་པ། སྐད་ཆ་ཅི་ཡང་བཤད་མི་ཕོད་པ། ཕོ་མོ་མཉམ་སྡོད་བྱས་ན་མི་བདེ་བའི་སྣང་བ་ཡོད་པ། བྱ་བ་གང་ལཡང་བཟོད་བསྲན་མི་ཐུབ་པ། རང་ཉིད་ཀྱིས་རང་ཉིད་གླེན་པར་བལྟ་བ། རང་གི་བྱ་བ་དང་འཚོ་བ་སྙིང་བོ་མེད་པར་འདོད་ཅིང་གསོན་པ་ལས་འཆི་བ་དགའ་བར་བསམ་པ། སློབ་གྲྭར་ཐོན་པ་ན་རང་བཞིན་གྱིས་སེམས་འཚབ་པ། དགེ་རྒན་ལ་སྐྲག་ཆེ་བ་སོགས་ནི་འཚམ་པའི་ཆུ་ཚད་དམའ་བའི་ནད་རྟགས་གསལ་བོ་ཞིག་ཡིན་ལ། ནད་རྟགས་འདི་དག་ཡོད་པའི་བྱིས་པ་སུ་ཞིག་ཡིན་ཡང་ཆུང་དུས་ནས་སེམས་ནད་དེ་དག་སྔོན་འགོག་དང་སྙོམ་སྒྲིག་མ་བྱས་ན། སེམས་ཀྱི་གཅོང་ནད་དེ་དག་གིས་བྱིས་པའི་མི་ཚེ་དང་འཚོ་གནས་ལ་ཐད་ཀར་དཀའ་ཁག་དང་བར་ཆད་རབ་དང་རིམ་པ་བཟོ་ངེས་ཡིན་པས། མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཞིག་ཡིན་ཕྱིན་ཤེས་བྱ་འཁྲིད་རྒྱུ་ལས་ཀྱང་བདེ་ཐང་གི་བསམ་བློ་ཆགས་རྒྱུར་གཙིགས་ཆེན་བྱེད་དགོས་པ་རེད་སྙམ།
མི་ཞིག་གི་བསམ་བློ་བདེ་ཐང་ཡིན་མིན་གྱིས་མི་དེའི་རང་གི་མདུན་ལམ་ཐག་གཅོད་བཞིན་ཡོད་པ་མ་ཟད། ད་དུང་རང་གི་བསམ་བློ་བདེ་ཐང་ཡིན་མིན་ལ་བརྟེན་ནས་ལུས་པོ་བདེ་ཐང་ཡིན་མིན་ལ་ཐད་ཀར་ཤན་ཤུགས་ཐེབས་བཞིན་ཡོད་དེ། དཔེར་ན། ནད་བརྒྱ་མ་ལུས་རླུང་ལས་ལངས་ཞེས་པ་དང་། ཁྲོས་ན་རླུང་རྒྱས། དགའ་ན་རླུང་འཇགས། སྐྱོ་ན་རླུང་ཞི། སྐྲག་ན་རླུང་ཡལ། འཇིགས་ན་རླུང་འཁྲིགས། བསམ་བློ་བཏང་ན་རླུང་སྡུམ་ཞེས་པ་དང་། དགའ་དྲགས་ན་སྙིང་ལ་གནོད། ཁྲོས་དྲགས་ན་མཆིན་པར་གནོད། སྡུག་དྲགས་ན་གློ་བར་གནོད། བསམ་དྲགས་ན་མཁྲིས་པར་གནོད། སྐྱོ་དྲགས་ན་མཁལ་མར་གནོད་པ་ཐེབས་བཞིན་ཡོད། དེ་བས། སེམས་ཁམས་བདེ་ཐང་སློབ་གསོ་ནི་མི་རེ་རེའི་འཚོ་གནས་དང་མིའི་རིགས་ཀྱི་འཕེལ་རྒྱས་ལ་རག་ལས་ཡོད་མོད། གཞི་རིམ་མི་རིགས་ས་ཁུལ་དང་སློབ་གྲྭ་ཕལ་ཆེ་བ་ན་ད་དུང་སྣང་མེད་དུ་ལུས་ཡོད་པས་གང་མྱུར་གྱིས་གཙིགས་ཆེན་དང་སྙོམ་སྒྲིག་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཞིག་རེད།
ལྔ། སེམས་ཁམས་བདེ་ཐང་གི་ཐབས་ལམ།
མིའི་རིགས་ཀྱི་བདེ་སྐྱིད་ནི་བདེ་ཐང་ནས་མགོ་བརྩམ་དགོས་ལ། བདེ་ཐང་དེ་ཡང་ཐོག་མར་སེམས་ཁམས་བདེ་ཐང་ནས་གཞི་འཛིན་དགོས་པས། འཇིག་རྟེན་སྟེང་གི་མི་སུ་ཞིག་ཡིན་ཡང་སེམས་ཁམས་བདེ་ཐང་གི་རྨང་གཞི་མེད་ཚེ་བདེ་སྐྱིད་ཀྱི་འཚོ་བ་ནི་གཤིན་རྗེའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད།
སེམས་ཁམས་ཀྱི་བྱ་འགུལ་དེ་ལུས་ཕུང་གི་དབང་ནུས་ལ་ཐད་ཀར་འབྲེལ་ཞིང་། དབང་བོ་རེ་རེའི་ནུས་པ་སེམས་ཁམས་ལ་འབྲེལ་བ་དམ་པོ་ཡོད། དེའི་ཕྱིར་སེམས་ཁམས་མ་བདེ་ན་རླུང་ཁམས་མི་བདེ་ལ་རླུང་ཁམས་མ་བདེ་ན་ལུས་ཁམས་བདེ་ཐབས་མེད་པས། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་མི་བདེ་ཐང་ཡིན་མིན་དང་ཚེ་རིང་མིན་ནི་མིའི་ཁོག་རྒྱ་ཆེ་ཆུང་ལ་རག་ལས་པ་དང་མིའི་ཁོག་རྒྱ་ཆེ་ཆུང་དང་མིའི་བདེ་ཐང་སློབ་གསོ་ཐོབ་ཚད་ལ་རག་ལས་ཡོད་པ་རེད། དེ་ལ་གཏམ་རྒྱུད་འདི་འདྲ་བ་ཞིག་ཡོད་དེ། ལོ་བརྒྱད་ཅུར་སོན་པའི་རྒན་པོ་ཞིག་གིས་ཆོས་ཁང་ན་ཕྱག་འཚལ་བཞིན་ཡོད་སྐབས་ཆོས་དཔོན་གྱིས་འདིར་ཡོད་ཀྱི་ནང་ན་རང་ཉིད་ལ་དགྲ་ཟླ་གཅིག་ཀྱང་མེད་པ་ཨེ་ཡོད་ཅེས་དྲིས་པ་ན། ལོ་བརྒྱད་ཅུའི་རྒད་པོ་དེས་ལག་པ་ཡར་བཀྱགས་ཏེ། ང་ལ་དགྲ་ཟླ་གཅིག་ཀྱང་མེད་ཅེས་བཤད་མ་ཐག་ཆོས་དཔོན་གྱིས་ཁྱོད་ལ་དགྲ་ཟླ་གཅིག་ཀྱང་མེད་པའི་གསང་བ་དེ་བཤད་ནས་ངེད་ཅག་ལ་སློབ་སྦྱོང་བྱེད་དུ་བཅུག་ན་ཅི་འདྲ་རེད་ཅེས་བཤད་པ་ན། རྒན་པོས་ང་ལ་བཤད་རྒྱུ་གཞན་ཅང་མེད། གཅིག་ཡོད་པ་ནི་བདག་ཁོ་ཚོར་བལྟས་ན་འཚོ་ཡུན་རིང་བ་དེ་རེད་ཅེས་བཤད་པ་འདིས་ཡང་བསྐྱར་སེམས་ཁམས་བདེ་ཐང་དང་ཚེ་ཐག་རིང་བ་གཉིས་ཀྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཟབ་མོ་ཞིག་གསལ་བོ་ཞིག་གསལ་བཤད་བྱས་ཡོད་པ་རེད།
ཟས་སྤྱོད་ནི་འཚོ་བའི་ཡོ་བྱད་ཙམ་ཞིག་ཡིན་པ་ལས་འཚོ་བའི་དམིགས་འབེན་མིན་ན་ཡང་ཡོ་བྱད་དེ་བེད་སྤྱོད་ཤེས་མིན་གྱི་དབང་གིས་མིའི་འཚོ་གནས་ལ་སྐྱིད་སྡུག་གི་མཇུག་འབྲས་མི་འདྲ་བ་བཟོ་བཞིན་ཡོད། འདས་པའི་ལོ་རྒྱུས་ཀྱིས་ང་ཚོར་ཟ་སྲོལ་མ་བལྟ་ལས་སྲོལ་ལྟོས་ཞེས་བཤད་ཡོད་ན་ཡང་ད་ལྟ་སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་ནད་གང་མང་ཞིག་ཟ་མ་ཟ་ཚོད་མ་ཟིན་པར་བྱུང་བ་དང་། འཚོ་བཅུད་མང་དྲགས་ནས་བྱུང་བ་ཤ་སྟག་ཡིན་པས། ཟ་སྲོལ་དང་ལས་སྲོལ་གཉིས་ཀ་ལ་བལྟ་དགོས་པར་མ་ཟད། ཁྱད་པར་དུ་ཟས་སྤྱོད་ལ་གཙིགས་ཆེན་དང་གཟབ་ནན་བྱེད་དགོས། རྒྱུ་མཚན་ནི་ཟ་མ་ཤེས་ན་ལུས་སེམས་བདེ་ཐང་ཡོང་མི་སྲིད་ལ། ལུས་སེམས་བདེ་ཐང་མིན་ཚེ་ལས་སྲོལ་ལ་བལྟས་ཀྱང་དངོས་སུ་ལས་པའི་ནུས་པ་ཡོད་རྒྱུ་མ་རེད། ལུས་པོར་འཚོ་བཅུད་ཀྱི་ཚད་གཞི་ཡོད་པ་དང་། རྒྱུན་དུ་ཚད་གཞི་དེ་དང་འཚམ་པའི་འཚོ་བ་རོལ་ན་བདེ་ཐང་དང་རོལ་མ་ཤེས་ན་ནད་གཞི་ཡིན་ལ། ཁྱད་པར་དུ་འཚོ་བའི་འཕོ་འགྱུར་གྱི་དབང་གིས་ལྟོགས་ནས་ཤི་བ་ལས་རྒྱགས་ནས་གད་པ་མང་བ་ལྟ་བུ་རེད།
དེ་བས། བྱིས་པ་རྣམས་ལ་ཆུང་དུས་ནས་ཟས་འོས་འཚམ་སྐྱ་ཟས་དང་། གོས་འགྲོ་བདེ་འདུག་བདེ། གཏམ་ཡིད་དགའ་སྣང་སྐྱིད་བཤད་པའི་གོམས་སྲོལ་བཟང་པོ་ཞིག་ཆགས་པར་འཇུག་རྒྱུ་ནི་མི་རེ་རེའི་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་པ་རེད།
མི་སུ་ཞིག་ཡིན་ཡང་བྱིས་པའི་སྐབས་སུ་བདེ་ཐང་གིས་བདེ་སྐྱིད་ཀྱི་འཚོ་བ་བཙལ་མ་ཤེས་ན་རྒན་པོའི་སྐབས་སུ་རྒྱུ་ནོར་གྱིས་བདེ་ཐང་ཉོ་དགོས་པ་ཡིན།
ཚེ་སྲོག་ནི་འགུལ་སྐྱོད་ཀྱི་དབུས་ན་འཚོ་ཞིང་གནས་ནའང་སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་མིའི་འགུལ་སྐྱོད་རང་བཞིན་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་དང་མིའི་ཚེ་སྲོག་དང་བདེ་ཐང་ལ་དཀའ་ཁག་གསར་བ་རབ་དང་རིམ་པ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། མི་ཕལ་ཆེ་བ་ཞིག་ལ་རང་ལུས་ཇི་ལྟར་དལ་ན་དེ་ལྟར་སྐྱིད་སྣང་འཆར་བཞིན་ཡོད། དེང་སྐབས་ཀྱི་མི་ཕལ་ཆེ་བ་ཞིག་ཉིན་རེར་ཕལ་ཆེར་སྨི 500ཙམ་ལས་འགྲོ་འོང་བྱེད་ཀྱིན་མེད་ལ། ད་དུང་འཕྲུལ་འཁོར་གྱིས་རྐང་བའི་ཚབ་བྱེད་བཞིན་ཡོད་པ་དང་འཕྲུལ་ཆས་ཀྱིས་ལག་པའི་ཚབ་བྱེད་བཞིན་ཡོད་ལ། གློག་ཀླད་ཀྱིས་ཀླད་པའི་ཚབ་བྱེད་བཞིན་ཡོད་པས། མི་རྣམས་ལ་འགུལ་སྐྱོད་མི་འདང་བའི་བདེ་ཐང་གི་ཉེན་ཁ་གསར་བ་འབྱུང་བཞིན་ཡོད། གྲོང་ཁྱེར་ལ་བྱུང་ཚད་མཐོ་བས། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན། སྒྱིད་ལུག་གི་སྤྱི་ཚོགས་ཤིག་ཏུ་སླེབས་ཉེན་ཡོད། སྒྱིད་ལུག་ནི་ལྕགས་ལ་བཙའ་ཆགས་པ་ལྟ་བུ་ཞིག་ཡིན་པས། མིའི་ལུས་ཕུང་ལ་ངལ་དུབ་ལས་བརྒྱ་འགྱུར་གྱི་གྱོང་གུད་ཆེ་སྟེ། ངལ་རྩོལ་པས། ལས་ནས་ཤི་ནི་མེད་ལ། བསྡད་ནས་རུལ་ནི་མང་ཞེས་པ་ནི་སྒྱིད་ལུག་གི་བཙའ་ཡིས་བདེ་ཐང་གི་ལུས་སེམས་ཟོས་ནས་རུལ་སོང་བ། དཔེར་ན། ཁྲག་ཤེད་མཐོ་བ། མཆིན་པ་ཚིལ་གྱིས་དཀྲིས་པ། གཅིན་སྙི་སོགས་བསྡད་ནས་རུལ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། འགུལ་སྐྱོད་དང་སྦྱོང་བརྡར་ལ་སྔར་ལས་ལྷག་པའི་སྒོ་ནས་གཙིགས་ཆེན་བྱེད་དགོས་སྙམ། གལ་ཏེ་ལུས་པོ་སྦྱོང་བརྡར་མ་བྱས་ན་ལུས་པོའི་སྤུས་ཚད་མ་ཟད། ད་དུང་སེམས་ཁམས་ཀྱི་སྤུས་ཚད་དང་མིའི་རིག་རྩལ་ཡང་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་ངེས་རེད། འདིར་གནའ་རབས་སྲོལ་རྒྱུན་རིག་གནས་ལས་ལུས་ཀྱི་རྩལ་སྦྱོང་བ་དང་ངག་གི་རྩལ་སྦྱོང་བ། རིག་པའི་རྩལ་སྦྱོང་ཚུལ་ཕུན་སུམ་ཚོགས་པ་མང་པོ་ཡོད་ཀྱང་སྤྱི་ཚོགས་སྟེང་དུ་དར་ཁྱབ་ཤིན་ཏུ་ཆུང་བ་རེད།
ནུབ་ཕྱོགས་རིག་གནས་སུ་འགུལ་སྐྱོད་ཀྱིས་མི་ལ་བདེ་ཐང་གི་སྟོབས་ཤུགས་རྒྱས་པ་དང་སློབ་སྦྱོང་གིས་རང་ཉིད་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པས། འདི་གཉིས་ནི་ལང་ཚོ་རྒྱུན་འཁྱོངས་དང་རྒས་འཁོགས་གཏན་འགོག་གི་གསང་བ་གཉིས་དང་བདེ་སྐྱིད་ཀྱི་འཚོ་བ་གཉིས་རེད་ཅེས་བཤད་ཡོད་པས། ང་ཚོས་འདི་དག་ལ་བསམ་གཞིགས་དང་གཙིགས་ཆེན་བྱས་ཏེ། རིན་གོང་སྟེར་མི་དགོས་པའི་རང་བྱུང་གི་བདེ་གསོ་སྨན་རྫས་འདི་དག་གིས་བྱིས་པའི་བདེ་ཐང་གི་མི་ཚེ་གསར་སྐྲུན་བྱེད་དགོས་པ་རེད།
འཇར་པན་གྱི་སྨན་པ་གྲགས་ཅན་སུང་མོའུ་ཁང་ཧྥོའུ་ཡིས་བདེ་ཐང་གི་ཐབས་ལམ་བདུན་མྱུར་མ་ཞེས་པ་ཞིག་བཤད་ཡོད་པ་ནི། མྱུར་ཟ་དང་མྱུར་གཉིད། མྱུར་རྔུལ། མྱུར་སྒྲུབ། མྱུར་འདོར། མྱུར་བཤད། མྱུར་ཟགས་བཅས་ཡིན་ལ། འཇར་ཡིག་གི་མྱུར་ཞེས་པ་ནི་འོས་འཚམ་གྱི་དོན་ཡིན་པས། བྱིས་པར་འོས་འཚམ་བདུན་གྱི་སྤྱོད་ལམ་ཆགས་པར་བྱེད་རྒྱུ་ཡང་བདེ་ཐང་གི་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་རེད་སྙམ།

སྤྱིར་ཚེ་རིང་བ་ནི་བདེ་སྐྱིད་ཀྱི་འཚོ་བའི་རྨང་གཞི་ཡིན་ནའང་མི་སུ་ཞིག་ཡིན་ཡང་བདེ་ཐང་གིས་འཚོ་མ་ཐུབ་ན་ཚེ་རིང་ན་ཡང་སྡུག་གི་ཁ་སྣོན་ལས་མ་འདས་པ་རེད། དེ་བས། ངས་འདི་ནས་རྒན་པོ་ཚེ་རིང་བ་བཅུའི་གཏམ་རྒྱུད་ཅིག་བཤད།

གནའ་སྔ་མོ་སྐྱེས་པ་ཞིག་ལྟ་སྐོར་ལ་འགྲོ་སྐབས། མཚོ་འགྲམ་ཞིག་ནས་རྒད་པོ་བཅུ་མཐོང་། ཁོ་ཚོ་ཚང་མ་ལོ་བརྒྱ་ཡན་དག་དག་ཡིན་ན་ཡང་ད་དུང་གསོན་ཤུགས་དང་ལང་ཚོས་ཁེངས་ཡོད་པ་ཤ་སྟག་རེད། ཁོ་ཡ་མཚན་སྐྱེས་ཏེ་ཁོ་ཚོར་ཚེ་རིང་བའི་གསང་བ་བཤད་རྒྱུའི་རེ་བ་ཞུས་པ་ན། རྒན་པོ་དང་པོས་ཆང་འཐུང་ན་ཆེས་མགྱོགས་པ་དང་ཆེས་མང་མི་རུང་ཟེར་བ་དང་། རྒན་པོ་གཉིས་པས་ཟ་མ་ཟོས་རྗེས་འོས་འཚམ་གྱིས་འཆག་འཆག་བྱེད་དགོས་ཟེར། རྒན་པོ་གསུམ་པས་ཟ་མ་སྐྱ་ཟས་སྐྱ་ཆུ་ཟ་དགོས། རྒན་པོ་བཞི་བས་དལ་འགྲོ་བྱེད་དགོས་ཟེར། རྒན་པོ་ལྔ་བས་གོས་ཀྱི་གོང་བ་ཇེ་དྲང་དུ་གཏོང་ཞོར་ལ་ལུས་པོ་གྲལ་དག་བྱེད་དགོས་ཟེར། རྒན་པོ་དྲུག་པས་ཐའེ་ཅི་དྲག་རྩལ་རྒྱག་དགོས་ཟེར། རྒན་པོ་བདུན་པས་རྣ་དབང་རྣོན་པོས་ནོམ་བཞིན་དྲ་མ་ཕྱེས་ནས་རླུང་རྒྱུགས་པར་བྱེད་དགོས་ཟེར། རྒན་པོ་བརྒྱད་པས་རྐེད་ཤ་དམར་པོར་གྱུར་ཀྱང་ད་དུང་ཉི་མར་ལྡེ་དགོས་ཟེར། རྒན་པོ་དགུ་བས་སྔ་ཉལ་སྔ་ལངས་བྱེད་དགོས་ཟེར། རྒན་པོ་བཅུ་བས་སེམས་དང་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཆགས་དགོས་ཟེར། འདི་ནི་གནའ་རབས་ཀྱི་འཚོ་བ་ལས་བྱུང་བའི་རྒན་པོ་ཚེ་རིང་བ་བཅུའི་གཏམ་རྒྱུད་བཅུ་རེད་ལ། རྒན་པོ་བཅུའི་བདེ་སྐྱིད་ཀྱི་འཚོ་བའི་གཏམ་རྒྱུད་ཀྱང་ཡིན་པ་མ་ཟད། བདེ་ཐང་སློབ་གསོའི་གཏམ་རྒྱུད་ཚན་པ་ཞིག་དང་བདེ་སྐྱིད་ཀྱི་ཉམས་མྱོང་བསླབ་བྱ་བཅུ་ཡིན་པས། ཚང་མས་བསམ་གཞིགས་དང་དཔྱད་ཞིབ་གཙིགས་ཆེན་བྱེད་དགོས་པ་ཞིག་ཀྱང་རེད་སྙམ། །

རྩོམ་སྒྲིག་པ། འབྲུག་མོ།