མངལ་གནས་སྦྲུམ་བུ་འཕེལ་ཚུལ་གྱི་བརྒྱུད་རིམ།
2017.02.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 165

གཅིག ཁུ་ཁྲག་སྐྱོན་མེད་ཀྱི་མཚན་ཉིད།

སྐྱེས་པའི་ཁུ་བའི་མདོག་སྦྲང་རྩི་ལྟར་དཀར་ཞིང་འོད་འཚེར་བ་དང་། ངོ་བོ་ལྕི་ཞིང་རོ་བསྐ་ལ་མངར་བ་དང་ལྡན་པར་གྲངས་འབོར་མང་བ་བཅས་དང་། བུད་མེད་ཀྱི་ཟླ་མཚན་དེ་ཡང་རྒྱ་སྐྱེགས་བཙོས་པའི་ཁུ་བའམ་ཡང་ན་རི་བོང་གི་ཁྲག་དང་འདྲ་བར་མདོག་དམར་ལ་ངོ་བོ་དྭངས་པར་བུད་མེད་དེ་ཉིད་ཀྱི་གོས་ལ་འགོས་པ་བཀྲུས་ན་ཁྲག་གི་ཤུལ་མེད་ཅིང་དག་པར་འགྱུར་བ་བཅས་ནི་ཁུ་ཁྲག་གཉིས་ཀ་ལ་སྐྱོན་མེད་པའི་རྟགས་ཡིན་པས། དེས་མངལ་དུ་ཆགས་པའི་ས་བོན་གྱི་དོན་བྱེད་ལ་ནུས་པ་ཡོད་པར་མ་ཟད། དེ་ལྟར་ཆགས་པའི་ལུས་ཅན་དེ་ཉིད་ཀྱང་གཟུགས་བཟང་ཞིང་བློ་དང་དབང་པོ་ཤིན་ཏུ་གསལ་བའི་བྱིས་པ་སྐྱེ་བར་བྱེད་དོ།

གཉིས། མངལ་ལེན་པའི་དུས།

བོད་ཀྱི་གསོ་བ་རིག་པའི་དགོངས་དོན་ལྟར་ན། ཟླ་མཚན་ལྡན་པའི་ཉིན་དང་པོ་ནས་གསུམ་པའི་བར་མངལ་མི་ལེན་པ་མ་ཟད་འཁྲིག་པ་སྤྱད་ཚེ་སྐྱེས་པའི་ལུས་སྲོག་དབང་ཐང་ལ་ཡང་ཆེས་ཆེར་གནོད་པས་འཁྲིག་པ་སྤང་ན་ལེགས། ཟླ་མཚན་ཆད་པའི་ཉིན་དང་པོ་དང་གསུམ་པ། ལྔ་བ། བདུན་པ། དགུ་བ་བཅས་ལ་བུ་ལེན་པ་དང་། ཉིན་གཉིས་པ་དང་བཞི་བ། དྲུག་པ། བརྒྱད་པ་བཅས་ལ་བུ་མོ་ལེན་པ་ཡིན། མདོར་ན་ཟླ་མཚན་ལྡན་པའི་ཉིན་དང་པོ་ནས་བཅུ་གཉིས་བར་མངལ་ལེན་པ་དང་དེ་ནས་ཡོལ་བ་ན་ཉི་མ་ནུབ་པའི་པདྨའི་ཁ་ཟུམ་པ་བཞིན་མངལ་ཁ་དེ་ཟུམ་འགྲོ་བས་ཟླ་མཚན་རྗེས་མ་ཡོང་བའི་བར་བུ་འདོད་པ་དག་གིས་སྒུག་དགོས།

དེ་ལྟར་བྱིས་པ་སྐྱེ་འདོད་པ་དག་གིས་གོང་ནས་བཤད་པའི་ཞག་བཅུ་གཉིས་ཀྱི་བར་འཁྲིག་པ་མ་སྤྱད་ཚེ། དཔེར་ན། ཉི་མ་ནུབ་པར་གྱུར་བས་ཉིན་པར་འབྱེད་པའི་པད་མའི་ཁ་མཚན་མོའི་དུས་སུ་ཟུམ་འགྲོ་བ་བཞིན་དུ་ཞག་གྲངས་བཅུ་གཉིས་པོ་འདས་ནས་མངལ་གྱི་ཁ་ཟུམ་པར་གྱུར་པའི་ཕྱིར་འཁྲིག་པ་སྤྱད་ཀྱང་སྐྱེས་པའི་ཁུ་བ་མངལ་གྱི་ནང་དུ་མི་འགྲོ་བར་སྐྱེ་ལམ་ནས་ཕྱིར་འབྱུང་བ་སྟེ་དཔེར་ན་སྣོད་ཁ་སྦུབ་ཀྱི་སྟེང་དུ་འོ་སྤྲི་བླུག་པ་དང་འདྲ་བར་ནང་དུ་མི་འཛུལ་བ་ཡིན།

གསུམ། མངལ་གནས་ཀྱི་འཕེལ་རིམ།

མངལ་ལེན་པའི་ཞག་བཅུ་གཉིས་ཀྱིས་དུས་སུ་འཁྲིག་པ་སྤྱད་ཚེ་མའི་མངལ་ཁ་ཕྱེ་ཡོད་པས་ཕའི་ཁུ་བ་མའི་མངལ་དུ་འཇུག་ནས་བདུན་ཕྲག་གཅིག་སོང་བ་ལ། ཞོའི་དོན་དུ་འོ་མར་རུ་མའམ་རྩབས་བླུགས་ཏེ་དཀྲུགས་པ་དང་འདྲ་བར་ཁུ་ཁྲག་གཉིས་ཀྱི་ཕྲ་ཕུང་ཕན་ཚུན་དབྱེར་མེད་དུ་འདྲེས་པར་འགྱུར། བདུན་ཕྲག་གཉིས་པའི་སྐབས་སྔ་མ་ལས་ངོ་བོ་ཅུང་ཟད་བསྐ་ཞིང་ནུར་ནུར་པོར་འགྱུར་བར་བྱེད་པ་ཡིན། བདུན་ཕྲག་གསུམ་པ་ལ་གོང་གི་ནུར་ནུར་པོ་དེ་ཞོ་ཆགས་ཟིན་པ་ལྟར་བསྐ་བའི་རང་བཞིན་ཅན་དུ་འགྱུར་བར་བྱེད་པ་ཡིན། བདུན་ཕྲག་བཞི་པ་འདི་ལ་རྒྱུད་ལྟར་ཅུང་རྒྱས་པར་བཤད་ན།

བཞི་པ་གོར་གོར་མེར་མེར་ནར་ནར་པོ། །
དེ་ལས་ཕོ་མོ་མ་ནིང་རིམ་པར་འགྱུར།།
དེ་རྟགས་དཀུ་ལྕི་ལུས་རིད་ཡི་ག་འགགས། །
གཡལ་རྨྱང་སྒྱིད་སྐྱུར་ནུ་མ་སྐྱེ་བ་དང་། །
སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད།།
དེ་བཀག་མངལ་འཇིག་གཟུགས་མི་སྡུག་པ་དང་།།
དེ་བས་གནོད་པའང་ཕན་བསྲེས་ཅུང་ཟད་བྱིན།།

ཞེས་པ་ནི། བདུན་ཕྲག་བཞི་པ་ལ་རབ་ཏུ་འབྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྔ་སོར་ཞོ་ལྟར་ཆགས་པ་དེ་ལས་གོར་གོར་རམ་ཅུང་ཟད་སྲ་ཞིང་འདྲིལ་བའི་རྣམ་པ་ཅན་དང་། ཡང་ན་སླ་ཞིང་མེར་མེར་པོའི་རྣམ་པ། ཡང་ན་དབྱིབས་ནར་ནར་པོ་བཅས་གསུམ་གང་རུང་དུ་འགྱུར་བ་ཡིན་ཞིང་། དེ་དག་ལས་དང་པོ་ལྟར་གོར་གོར་པོར་གྱུར་ཚེ་བུ་ཕོ་དང་། གཉིས་པ་ལྟར་མེར་མེར་གྱུར་ཚེ་བུ་མོ། གསུམ་པ་ལྟར་ནར་ནར་པོར་གྱུར་ཚེ་མ་ནིང་ཡིན།

《འབུམ་ནག་གསལ་སྒྲོན》ལས།

ཕོ་རྩ་ཆགས་ན་གོར་གོར་པོར་འགྱུར། །
མོ་རྩ་ཆགས་ན་མེར་མེར་པོར་འགྱུར།།
མ་ནིང་རྩ་ཆགས་ན་ནར་ནར་པོར་འགྱུར།།

ཞེས་གསལ་བ་བཅས་སུ་རིམ་པར་འགྱུར་བ་ཡིན་ལ། དེ་དག་གང་རུང་དུ་གྱུར་པའི་ཚེ་ན་ཡང་དེའི་རྟགས་སུ་དཀུའམ་མངལ་ཁ་ཅུང་ལྷོད་ཅིང་མཚང་ར་སོགས་ལུས་སྨད་ལྕི་བ་དང་། ལུས་གློ་བུར་དུ་རིད་པ། སྐྱུག་མེར་ལངས་ཏེ་ཟས་ཀྱི་དང་ག་འགགས་པ། གཡལ་མང་ཞིང་བྱ་རྨྱང་བྱེད་འདོད་པ། བགྲོད་ཀྱིས་དུབ་པ་ལྟར་སྒྱིད་པ་སྐྱུར་པ། ནུ་མ་སྔར་བས་ཆེར་རྒྱས་ཏེ་ནུ་ཏོག་ནག་པོར་གྱུར་པ། ཟས་སྐོམ་སྐྱུར་བའི་རིགས་ལ་ལྷག་པར་དགའ་ཞིང་། མདོར་ན་མངལ་གནས་ཀྱི་ལུས་ཅན་དེའི་དབང་གིས་བུད་མེད་དེ་ཉིད་ཀྱི་སྙིང་ལ་ཟས་སྐོམ་སྣ་ཚོགས་བཟའ་འདོད་པ་ཞིག་འབྱུང་བ་ཡིན། ཇི་ལྟར་འདོད་པའི་ཟས་སྐོམ་དེ་རྣམས་མ་བྱིན་པར་བཀག་པར་གྱུར་ན་མངལ་གནས་དེ་ཉིད་འཇིག་ཅིང་འཆི་བར་འགྱུར་ལ། གལ་ཏེ་འཆི་བར་མ་གྱུར་ནའང་དམུས་ལོང་དང་། སྒུར་པོ་སོགས་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་ཡིན། དེ་བས་ཡིད་ལ་འདོད་པའི་ཟས་སྐོམ་དེ་རིགས་བུད་མེད་དེ་ཉིད་ཀྱི་ནད་གཞིའམ་ལུས་ཁམས་ལ་གནོད་པ་ཞིག་སྣང་ཡང་། མ་བུ་གཉིས་ཀ་ལ་ཕན་ཞིང་འཕྲོད་པའི་ཟས་སྐོམ་འགའ་ཞིག་མཉམ་དུ་བསྲེས་ནས་ཅུང་ཟད་རེ་སྟེར་དགོས། །

རྒྱུད་ལས།

ཟླ་བ་གཉིས་པ་བདུན་ཕྲག་ལྔ་པ་ལ།།
མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས། །
དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། །
བདུན་པ་མིག་གི་དབང་པོ་གཟུགས་སུ་དོད།།
བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས།།
དགུ་པ་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས། །

ཞེས་པ་ནི། ཟླ་བ་གཉིས་པ་ལ་སྔ་མའི་ཞག་ལྷག་མ་དང་བཅས་པ་བསྣན་པས་བདུན་ཕྲག་་ལྔ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་ལྔ་པའི་སྐབས་སུ་ཡང་དག་པར་སྡུད་པའི་རླུང་ཞེས་པའི་བྱེད་ལས་ཀྱིས་མངལ་གནས་དེ་ཉིད་སྔར་གྱི་གོར་གོར་མེར་མེར་སོགས་གང་རུང་གི་རྣམ་པ་དེ་ལས་འདས་ནས་མཁྲིགས་ཤིང་མཁྲང་བའི་རང་བཞིན་དུ་འགྱུར་བའི་སྐབས་ཡིན་པའི་དོན་གྱིས་འདིར་མཁྲང་འགྱུར་གྱི་ཞག་ཅེས་བྱ་ཞིང་། དེ་ལྟར་མཁྲང་འགྱུར་གྱི་ཞག་འདིའི་སྐབས་སུ་མངལ་གནས་བྱིས་པའི་ལུས་ཀྱི་ཆ་ཤས་དེ་ནང་ནས་རྩ་རླུང་ཐམས་ཅད་སྐྱེད་པའི་རྩ་བ་ལྟ་བུར་གྱུར་པའི་ལྟེ་བའི་རྩ་འདབ་ཀྱི་རྣམ་པ་དེ་ཉིད་ཚིགས་པ་བཅུ་དྲུག་པའི་ཐད་དུ་ཆགས་པར་འགྱུར་བ་དང་། བདུན་ཕྲག་དྲུག་པར་ཟས་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ལྟེ་བའི་རྩ་འདབ་ཀྱི་དབུས་དེར་བརྟེན་ནས་སྲོག་པ་རྩ་ཞེས་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་སྲོག་གི་རླུང་གི་རྟེན་དེ་ཉིད་མངལ་གནས་རང་ཉིད་ཀྱི་རང་སོར་བཅུ་དྲུག(《མེས་ཞལ》ལས། རང་སོར་ཕྱེད་དང་བཅུ་གསུམ་ཞེས་གསལ)པར་གྱེན་ཕྱོགས་སུ་གྱེས་པ་དང་འབྲེལ་དེའི་ཡར་སྣེའམ་ཚིགས་པ་བརྒྱད་པའི་ཐད་དུ་སྙིང་ཁམས་རྩ་འདབ་ཀྱི་རྣམ་པ་དག་ཆགས་པར་འགྱུར་བ། བདུན་ཕྲག་བདུན་པར་འཁྱིལ་བར་བྱེད་པའི་རླུང་ཞེས་པའི་བྱེད་ལས་ཀྱིས་སྙིང་ག་ནས་སྲོག་རྩ། སླར་ཡང་གྱེན་ཕྱོགས་སུ་རང་སོར་སུམ་ཅུ་བར་གྱེས་ཏེ་ཡར་སྣེ་ལ་སྤྱི་བོའམ་མགོའི་རྩ་འདབ་མིག་གི་དབང་བོ་དང་བཅས་པའི་གཟུགས་དབྱིབས་དོད་པ་དང་ཆབས་ཅིག་ལྟེ་བ་ནས་སྲོག་རྩ་ཐུར་དུ་རང་སོར་བཅུ་བཞི་བར་གྱེས་ཏེ་མར་སྣེ་ལ་གསང་གནས་ཀྱི་རྩ་འདབ་དང་བཅས་པ་ཆགས་པར་འགྱུར་བ་དང་། བདུན་ཕྲག་བརྒྱད་པར་བཟློག་ཅིང་སྒྱུར་བར་བྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་མགོ་བོའི་རྩ་འདབ་མིག་གི་དབང་པོ་དང་བཅས་པ་དེ་ལ་བརྟེན་ནས་མགོ་བོའི་དབྱིབས་ཙམ་ཆགས་པར་འགྱུར་བ་དང་། བདུན་ཕྲག་དགུ་པར་རྣམ་པར་འབྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཡན་ལག་བཞི་པོ་རྣམས་ཕུད་པའི་ལུས་ཀྱི་དབྱིབས་སམ་ཁོག་པ་སྟོད་སྨད་ཀྱི་རྣམ་པ་ཕལ་ཆེར་ཆགས་པར་འགྱུར་བ་བཅས་ཡིན་ཞིང་། མདོར་ན་དུས་སྐབས་འདིའི་རིང་སྲོག་རྩའི་ནུས་པས་ལུས་དཀྱུས་གཅིག་ཏུ་ཆགས་པ་དང་འབྲེལ་འཕེལ་ཚུལ་འཚོ་གནས་ཀྱི་ནུས་པ་དང་བཅས་པ་ཉ་དང་འདྲ་བས་ཉའི་གནས་སྐབས་ཞེས་བྱ་བ་ཡིན་ཞེས་པའི་དོན་ནོ།།

རྒྱུད་ལས།

ཟླ་བ་གསུམ་པ་བདུན་ཕྲག་བཅུ་པ་ལ། །
དཔུང་བ་གཉིས་དང་དཔྱི་གཉིས་འབུར་དུ་དོད།།
བཅུ་གཅིག་དབང་པོ་དགུ་ཡི་གཟུགས་དབྱིབས་དོད།།
བཅུ་གཉིས་པ་ལ་དོན་ལྔའི་གཟུགས་དབྱིབས་དོད།།
བཅུ་གསུམ་པ་ལ་སྣོད་དྲུག་གཟུགས་དབྱིབས་དོད།།
ཟླ་བ་བཞི་པ་བདུན་ཕྲག་བཅུ་བཞི་ལ།།
དཔུང་རྐང་བརླ་རྐང་བཞི་པོའི་གཟུགས་དབྱིབས་དོད།།
བཅོ་ལྔ་པ་ལ་རྐང་ལག་རྗེ་ངར་དོད།།
བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད། །
བཅུ་བདུན་ཕྱི་ནང་འབྲེལ་བའི་རྩ་རྣམས་ཆགས།།

ཞེས་པ་ནི། ཟླ་བ་གསུམ་པ་ནས་ཞག་གསུམ་གོང་དུ་བཅད་པའི་ལྷག་མ་བདུན་ཕྲག་བཞི་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་པར་སྲ་བར་བྱེད་པའི་རླུང་ཞེས་པའི་བྱེད་ལས་ཀྱིས་ཉའི་རྣམ་པ་དེ་ལས་དཔུང་བ་གཉིས་དང་དཔྱི་རུས་གཉིས་འབུར་དུ་དོད་པ་དང་། བདུན་ཕྲག་བཅུ་གཅིག་པར་རྡོ་རྗེས་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དབང་པོའི་སྒོ་དང་བཅས་པའི་བུ་ག་དགུ་ཡི་གཟུགས་དབྱིབས(འདིར་གཟུགས་དབྱིབས་ཞེས་པ་རྣམས་ནི་དེ་དང་དེའི་གཟུགས་དབྱིབས་ཀྱི་རྣམ་པ་ཙམ་ཆགས་པའི་དོན་ཡིན་པ་དང་། གཟུགས་དངོས་སུ་གསལ་བར་ཆགས་པའི་དོན་མིན)རྣམས་དོད་ཅིང་། བདུན་ཕྲག་བཅུ་གཉིས་པར་ཡོན་པའི་སྒོ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དོན་ལྔའི་གཟུགས་དབྱིབས་རྣམས་དོད་ལ། བདུན་ཕྲག་བཅུ་གསུམ་པར་བཀྲེས་ཤིང་སྐོམ་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྣོད་དྲུག་གི་གཟུགས་དབྱིབས་རྣམས་དོད་དོ།། ཟླ་བ་བཞི་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་རྣམས་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅུ་བཞི་པར་སྐུད་པའི་སྒོ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དཔུང་རྐང་གཉིས་དང་བརླ་རྐང་གཉིས་ཏེ་རྐང་བཞི་པོའི་གཟུགས་དབྱིབས་རྣམས་དོད་པ་དང་། བདུན་ཕྲག་བཅོ་ལྔ་པ་ལ་པདྨ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་རྐང་པ་དང་ལག་པའི་རྗེ་ངར་བཞི་པོའི་གཟུགས་དབྱིབས་རྣམས་དོད་ལ། བདུན་ཕྲག་བཅུ་དྲུག་པར་བདུད་རྩི་འགྲོ་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་རྐང་ལག་གཉིས་ཀྱི་སོར་མོ་ཉི་ཤུ་པོའི་གཟུགས་དབྱིབས་རྣམས་དོད་ལ། བདུན་ཕྲག་བཅུ་བདུན་པར་འབྲི་གདོང་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ལུས་ཁམས་ཀྱི་ཕྱི་ནང་དུ་འབྲེལ་ཞིང་མངོན་པའི་རྩ་བཅུ་དྲུག་དང་། མི་མངོན་པའི་རྩ་གྲངས་མེད་པ་རྣམས་ཆགས་པར་འགྱུར་རོ།།

མདོར་ན་སྐབས་འདིར་ཡན་ལག་དང་བཅས་པ་ཆགས་པ་དང་འབྲེལ། འཕེལ་ཚུལ་འཚོ་གནས་ཀྱི་ནུས་པ་སོགས་རུས་སྦལ་གྱི་གནས་སྐབས་དང་འདྲ་བས་ན་དེར་རུས་སྦལ་གྱི་གནས་སྐབས་ཞེས་བྱ་བ་ཡིན་ཞེས་པའི་དོན་ནོ།།

རྒྱུད་ལས།

ཟླ་ལྔ་བདུན་ཕྲག་བཅོ་བརྒྱད་ཤ་ཚིལ་ཆགས།།
བཅུ་དགུ་པ་ལ་ཆུ་བ་རྒྱུས་པ་ཆགས།།
ཉི་ཤུ་པ་ལ་རུས་དང་རྐང་མར་ཆགས།།
རྩ་གཅིག་པ་ལ་ཕྱི་ཡི་པགས་པ་གཡོགས།།
དེ་ནས་ཟླ་དྲུག་བདུན་ཕྲག་རྩ་གཉིས་ལ།།
དབང་པོ་སྒོ་དགུའི་བུ་ག་རྣམ་པར་དབྱེ།།
རྩ་གསུམ་སྐྲ་དང་བ་སྤུ་སེན་མོ་སྐྱེ།།
རྩ་བཞི་པ་ལ་དོན་སྣོད་གསལ་བར་སྨིན།།
དེ་དུས་བདེ་དང་སྡུག་བསྔལ་ཤེས་པར་འགྱུར།།
རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་། །
རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ།།
དེ་ནས་ཟླ་བདུན་བདུན་ཕྲག་རྩ་བདུན་ནས།།
སུམ་ཅུའི་བར་གྱིས་ཐམས་ཅད་གསལ་བར་རྫོགས།།
ཟླ་བ་བརྒྱད་པ་བདུན་ཕྲག་སོ་གཅིག་ནས།།
སོ་ལྔའི་བར་དུ་ཐམས་ཅད་ཆེར་འཕེལ་བྱེད།།
མ་དང་བུ་གཉིས་ཐང་རེ་གཟི་མདངས་འཕོ།།

ཞེས་པ་ནི། ཟླ་བ་ལྔ་པ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་བཅོ་བརྒྱད་པར་བརྟན་པར་འགྱུར་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཤ་དང་ཚིལ་རྣམས་ཀྱི་ཆ་ཤས་ཕལ་ཆེར་ཆགས་པར་བྱེད་པ་དང་། བདུན་ཕྲག་བཅུ་དགུ་པ་ལ་སྔ་མའི་རླུང་གི་སྟོབས་ཀྱིས་ཆུ་བ་ཆེ་ཆུང་དང་རྒྱུས་པའི་རང་བཞིན་རྣམས་ཆགས་ཤིང་། བདུན་ཕྲག་ཉི་ཤུ་པར་ཤིན་ཏུ་སྲ་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་རུས་པའི་བྱེ་བྲག་རྣམས་དང་། རྐང་མར་གྱི་ད་བྱིབས་རྣམས་ཆགས་པར་བྱེད་ལ། བདུན་ཕྲག་ཉི་ཤུ་རྩ་གཅིག་པར་ཡང་དག་པར་སྐྱེད་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་ཕྱིའི་པགས་པ་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་གཡོགས་པར་འགྱུར། ཟླ་བ་དྲུག་པ་ལ་སྔ་མའི་ཞག་ལྷག་མ་གཉིས་དང་། ཕྱི་མའི་ཞག་གསུམ་ཡར་བསྣན་པས་བདུན་ཕྲག་ལྔ་བྱུང་བ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་རྩ་གཉིས་པར་ཀུན་ཏུ་རྒྱལ་བ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་དབང་པོ་ལྔ་དང་བཅས་པའི་སྒོ་དགུའི་བུ་ག་རྣམས་སོ་སོར་རྣམ་པར་བྱེ་བར་འགྱུར་བ་དང་། བདུན་ཕྲག་རྩ་གསུམ་པར་ཡོངས་སུ་དག་པར་འཛིན་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྐྲ་དང་། བ་སྤུ། སེན་མོ་བཅས་ཀྱི་དབྱིབས་རྣམས་སྐྱེ་བ་ཡིན་ཞིང་། བདུན་ཕྲག་རྩ་བཞི་པར་འཕྱོ་བའམ་སྤྲིན་འཛིན་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སྔར་ཆགས་ཟིན་པའི་དོན་སྣོད་རྣམས་གསལ་བར་སྨིན་ཅིང་། དུས་དེའི་སྐབས་ཚོར་བ་ཉམས་སུ་མྱོང་བའི་དོན་གྱིས་བདེ་བ་དང་སྡུག་བསྔལ་གྱི་འདུ་ཤེས་སམ་ཚོར་བ་ཡང་ཤེས་པར་འགྱུར། བདུན་ཕྲག་རྩ་ལྔ་པར་གྲོང་ཁྱེར་འཛིན་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་བུ་ག་རྣམས་ལས་རླུང་གི་རྒྱུ་བ་(《འབུམ་ནག་གསལ་སྒྲོན》ལས། རླུང་གི་རྒྱུ་བ་སྟེ་དབུགས་ཆགས་སོ་ཞེས་གསལ།)ཡང་འབྱུང་བ་དང་། བདུན་ཕྲག་རྩ་དྲུག་པར་སྐྱེ་བ་མངོན་པར་གྲུབ་པ་ཞེས་པའི་རླུང་གི་བྱེད་ལས་ཀྱིས་སེམས་ཀྱི་དྲན་པ་ཡང་རབ་ཏུ་གསལ་བར་འགྱུར། ཟླ་བ་བདུན་པ་ལ་བདུན་ཕྲག་བཞི་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་རྩ་བདུན་ནས་རྩ་བརྒྱད་རྩ་དགུ་སུམ་ཅུ་བར་དུ་རིམ་པ་བཞིན་རླུང་སྨན་ཡོན་ཆེན་པོ་དང་། མེ་ཏོག་འཛིན(འདི་དགའ་བོ་མངལ་འཇུག་ཏུ་མི་གསལ)པ། མེ་ཏོག་ཕྲེང་བ། ལྕགས་ཀྱི་སྒོ་ཞེས་པ་བཅས་ཀྱི་བྱེད་པས་སྔར་ཇི་ལྟར་ཆགས་པ་ཐམས་ཅད་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་རྫོགས་པར་འགྱུར། ཟླ་བ་བརྒྱད་པ་ལ་ཕྱི་མའི་ཞལ་ལྔ་ཡར་བསྣན་པས་བདུན་ཕྲག་ལྔ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་སོ་གཅིག་ནས་སོ་ལྔའི་བར་དུ་རླུང་མེ་ཏོག་སྡུད་པ་་ཞེས་བྱ་བ་གཅིག་པུའི་ནུས་པས་དེ་དག་ཐམས་ཅད་ཆེས་ཆེར་འཕེལ་བར་བྱེད་ལ། དུས་འདིའི་སྐབས་སུ་མའི་ཁ་ཟས་བཅུད་ཆེ་ཆུང་གི་དབང་གིས་མ་དང་བུ་གཉིས་ཐེངས་རེས་མོས་ཀྱིས་གཟི་མདངས་འཕོ་བ་སྟེ། སྐབས་འགར་མ་གཟི་མདངས་ཆེ་ལ་བུ་གཟི་མདངས་ཆུང་བ་དང་། སྐབས་འགར་བུ་གཟི་མདངས་ཆེ་ལ་མ་གཟི་མདངས་ཆུང་བར་འགྱུར་ཞིང་། དུས་འདིར་ཕལ་ཆེར་བཙའ་བའི་སྐབས་སུ་བབས་མེད་མོད། འོན་ཀྱང་རྐྱེན་འགའ་ཞིག་གིས་བཙའ་བར་ཡང་སྲིད་པ་ཡིན་པས། གལ་ཏེ་མ་གཟི་མདངས་ཆེ་བའི་སྐབས་སུ་བཙས་ན་མ་འཚོ་ཡང་བུ་འཆི་བ་དང་། བུ་གཟི་མདངས་ཆེ་བའི་སྐབས་སུ་བཙས་ན་བུ་འཚོ་ཡང་མ་འཆི་བ་དག་འབྱུང་བ་མ་ཟད། སྐབས་འདིར་མངལ་གནས་ཀྱི་ལུས་ཅན་དེའི་དབང་གིས་མ་ལ་ལུས་ཁམས་སྐྲངས་པ་སོགས་ཀྱི་ནད་སྣ་ཚོགས་འབྱུང་བ་ཡིན། ཇི་སྐད་བཤད་པའི་སྐབས་འདིའི་དུས་སུ་མངལ་གནས་ཀྱི་དབང་པོ་རྣམས་རིམ་པར་དོད་ནས་སྐྲ་དང་བ་སྤུ་སོགས་ལུས་ཁམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་འབྲེལ་འཕེལ་ཚུལ་འཚོ་གནས་ཀྱི་ནུས་པ་དང་བཅས་པ་ཀུན་ཕག་གི་གནས་སྐབས་དང་འདྲ་བས་ན་དེར་ཕག་གི་གནས་སྐབས་ཞེས་བྱ་བ་ཡིན་ནོ།། སྐྱོ་བའི་འདུ་ཤེས་ཀྱིས་བཙའ་བ་ལ་མངོན་དུ་ཕྱོགས་པ་སྟེ།

ཟླ་བ་དགུ་པ་བདུན་ཕྲག་སོ་དྲུག་ནས།།
མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་འབྱུང་།།
སོ་བདུན་པ་ལ་ལོག་པའི་འདུ་ཤེས་འབྱུང་།།
སོ་བརྒྱད་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན།།
འོན་ཀྱང་ཁྲག་ཟགས་པ་ན་འཕེལ་མི་ནུས།།
མངལ་རྒྱས་ཟླ་བ་ཚང་ཡང་བཙའ་བ་དཀའ།།
རླུང་གིས་དཀུ་བཀག་ཟླ་བ་ཚང་ཡང་འགོར།།

ཞེས་པ་ནི། ཟླ་བ་དགུ་པ་ནས་ཞག་ལྔ་གོང་དུ་བཅད་པའི་འཕྲོས་བདུན་ཕྲག་གསུམ་ལྷག་ཙམ་ཡོད་པ་དག་གོང་གི་སྟེང་དུ་བརྩེགས་པའི་བདུན་ཕྲག་སོ་དྲུག་པའི་ཉིན་ཞག་དང་པོ་ནས་བཟུང་མངལ་གནས་ཀྱི་བྱིས་པ་དེ་རང་གི་གནས་ལ་མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས། བཙོན་རའི་འདུ་ཤེས། མུན་ནག་གི་འདུ་ཤེས། མངོན་པར་མི་དགའ་ཡོངས་སུ་སྐྱོ་བའི་འདུ་ཤེས་བཅས་ཡིད་ལ་(《བདུད་རྩི་ཆུ་རྒྱུན》དང་། 《འགྲེལ་ཆེན་དྲི་མེད་ཀུན་གསལ》《ཚིག་དོན་ཉི་མ》བཅས་ཀྱི་མདོ་ལས་ལུང་འདྲེན་མཛད་དེ། སྐྱོ་བའི་འདུ་ཤེས་ལྔ་བདུན་ཕྲག་སོ་བདུན་པར་མ་གཏོགས་འདིར་སྦྱོར་བ་མི་རིགས་ཞེས་བསྟན་ཡོད།)འབྱུང་བ་དང་། བདུན་ཕྲག་སོ་བདུན་པ་ལ་གནས་གཞན་དུ་འཕོ་བར་འདོད་ནས་མགོ་མཇུག་ལོག་པའམ་ཕྱིར་ཕྱོགས་པའི་འདུ་ཤེས་སྐྱེ་བར་འགྱུར། བདུན་ཕྲག་སོ་བརྒྱད་པར་ཐོགས་པའི་རྐྱེན་ཞེས་པའི་རླུང་གི་བྱེད་ལས་ཀྱིས་མགོ་མཇུག་འགྱུར་བའམ་ལོག་སྟེ་མངལ་གྱི་ཕུགས་ནས་ཕྱིར་འབྱིན་ཞིང་བཙའ་བ་ལ་མངོན་དུ་ཕྱོགས་པར་འགྱུར་རོ།།

འོན་ཀྱང་བྱིས་པ་དེ་ཉིད་མངལ་དུ་གནས་པའི་རིང་མའི་ལུས་ཁམས་ནས་ཁྲག་མང་དུ་ཟགས་པའི་རྐྱེན་བྱུང་ན་དེ་མངལ་གནས་ཀྱི་ལུས་ཁམས་འཕེལ་བར་མི་ནུས་པས་དུས་སུ་བཙའ་མི་ཐུབ་པ་དང་། ཡང་ན་མངལ་གནས་ཀྱི་ལུས་ཁམས་ཚོ་ཆེས་ཏེ་ཆེར་རྒྱས་པ་ན་ཟླ་བའི་གྲངས་ཚང་ཡང་བཙའ་དཀའ་བ་དང་། ཡང་ན་ཐུར་སེལ་རླུང་གིས་དཀུའམ་མངལ་གྱི་སྒོ་བཀག་པ་ན་ཟླ་བ་དགུ་དང་ཞག་བཅུ་ཡི་གྲངས་ཚང་ཡང་ཕྱིར་བཙའ་རུ་མི་འདོད་པར་མའི་མངལ་དུ་འགོར་བ་བཅས་དེ་ལྟར་རྐྱེན་གསུམ་པོས་བྱིས་པ་དུས་སུ་བཙའ་བར་གེགས་བྱེད་པ་དག་ཀྱང་ཡོད། མདོར་ན་ཟླ་དགུ་ངོ་བཅུ་ཕུད་སྔ་སོར་ཟླ་བ་བརྒྱད་དང་། ཕྱི་སོར་ཟླ་བ་བཅུ་ཚུན་བཙས་ན་ཡང་ལེགས་པར་བཙས་པ་ཞེས་བྱ་བ་ཡིན།།

གོང་གི་ཤེས་བྱ་འདི་དག«བོད་ལྗོངས་སྨན་རྩིས་ཁང»གི་རྒན་དཔལ་ལྡན་འཕྲིན་ལས་ལགས་ཀྱིས་བརྩམས་པའི«བོད་ལུགས་གསོ་རིག་གི་རྒྱུན་མཐོང་མོ་ནད་འགོག་བཅོས་བྱ་ཐབས»ཞེས་པའི་དཔེ་དེབ་ལས་བཤུས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།