ཉེ་སྔོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལི་ཅིན་ཕེན་གྱིས་ཟས་རིགས་བདེ་འཇགས་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། “བཟའ་བཏུང་ནི་མི་དམངས་ཀྱི་ཆེས་ཆེ་བའི་དོན་དག་ཅིག་ཡིན་ཕྱིར་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་རྒྱུ་དེ་ནི། རང་རྒྱལ་གྱི་མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འབྲེལ་བ་ཡོད་པས། ངེས་པར་དུ་དམ་འཛིན་བྱེད་དགོས། ལོ་འདི་འགའི་རིང་ལ། ཏང་དང་སྲིད་གཞུང་གིས་ཤུགས་ཆེན་པོ་བཏོན་ནས་ཟས་རིགས་བདེ་འཇགས་དམ་འཛིན་བྱས་པས། ཟས་རིགས་བདེ་འཇགས་ཀྱི་གནས་བབ་ཇེ་ལེགས་སུ་སོང་ཡོད་མོད། འོན་ཀྱང་ད་དུང་གནད་དོན་མི་ཉུང་བ་ཞིག་ཡོད་པས། མང་ཚོགས་ཀྱིས་སྔར་བཞིན་ང་ཚོར་རེ་བ་ཆེན་པོ་བཅངས་ཡོད་ལ། ང་ཚོས་ཀྱང་ངེས་པར་ནུས་ཤུགས་ཡོད་ཚད་བཏོན་ནས་དེའི་ཐད་ཀྱི་བྱ་བ་ཇེ་ཞིབ་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ”
དེང་སྐབས་རང་འདེམ་ཚོང་ཁང་ནི་མི་དམངས་མང་ཚོགས་ཀྱི་ཟས་རིགས་ཉོ་ས་གཙོ་བོ་རེད། དུས་རྒྱུན་དུ་རང་འདེམ་ཚོང་ཁང་དུ་སོང་ནས་ཟས་རིགས་ཉོ་མཁན་ཧ་ཅང་མང་ལ། ཚང་མ་ཆེས་སྐྲག་པ་ནི་ཉར་ཡུན་འགོར་བའི་ཟས་རིགས་རྙིང་པར་འཕྲད་པ་དེ་རེད། དེའི་རྐྱེན་གྱིས་རང་འདེམ་ཚོང་ཁང་གིས་ངེས་པར་ཟས་རིགས་བདེ་འཇགས་ཀྱི་འགག་སྒོ་དམ་པོར་སྲུང་བ་དང་། སྤུས་ཀར་ཞིབ་བཤེར་དམ་པོ་བྱེད་ཅིང་སྙིགས་འདོར་ནང་རྐྱེན་དམ་པོར་བསྲུངས་ཏེ་ཟས་རིགས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས།
ཚོང་རྫས་ཚོང་སྒྲོམ་དུ་མ་བཞག་གོང་། རང་འདེམ་ཚོང་ཁང་གིས་མཁོ་འདོན་ཚོང་རའི་འགག་སྒོ་དམ་པོར་སྲུང་དགོས། སྤུས་ལེགས་ཅན་གྱི་མཁོ་འདོན་ཚོང་རའི་ཐོན་ཁུངས་བདམས་ནས། མགོ་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཚོང་ཟོག་བསྡུ་སྐབས་ཟས་རིགས་ཡོངས་རྫོགས་དང་ཟས་རིགས་རྒྱུ་ཆ་ཡོངས་རྫོགས་ཚོང་ཁང་དུ་འབྱོར་རྗེས། མཛོད་ཉར་ཁང་དང་མཁོ་འདོན་ཚོང་པ། ཕྱིར་འཚོང་མཁན་སོགས་ཕྱོགས་གསུམ་གྱིས་ཚོང་རྫས་ལ་ཞིབ་བཤེར་དང་གྲངས་འབོར་དང་སྤུས་ཀར་ཞིབ་བཤེར་བྱེད་པ། འཛིན་ཡིག་ལེན་པ་དང་སྟེར་བ་སོགས་བྱས་ཏེ། མཉམ་དུ་མིང་རྟགས་འགོད་དགོས་པར་མ་ཟད། གོ་རིམ་ཧྲིལ་བོ་བརྙན་ཕབ་འཕྲུལ་ཆས་ཀྱི་འོག་ཏུ་ཚུད་དུ་འཇུག་དགོས།
ཚོང་རྫས་ཚོང་སྒྲོམ་ནས་བླངས་རྗེས། ཟས་རིགས་དེ་ཚོང་ར་ནས་ཕུད་པའི་འགག་སྒོ་དམ་པོར་སྲུང་དགོས། ཆེད་བསྐོས་མི་སྣ་གཏན་འཁེལ་བྱས་ཏེ་ཞིབ་བཤེར་བྱེད་དུ་འཇུག་པ་དང་། ཚད་ལྡན་མིན་པའི་ཟས་རིགས་དང་འཕྲད་ན་མྱུར་དུ་ཚོང་སྒྲོམ་ནས་བླངས་ཏེ་བཀག་སྡོམ་བྱེད་པ་དང་། 《ཚད་ལྡན་མ་ཡིན་པའི་ཟས་རིགས་ཚོང་ར་ནས་ཕུད་པའི་རེའུ་མིག》ཏུ་བཀོད་དེ། ཚོང་ར་ནས་ཕུད་པའི་ཟས་རིགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་དུ་ཟིན་ཐོར་འགོད་དགོས་པར་མ་ཟད། གཞན་ད་དུང་མཁོ་འདོན་ཚོང་པ་དང་ཆེད་ལས་ལས་ཁུངས་ལ་ཕྱིར་བསྡུ་བྱེད་དགོས་པའི་བརྡ་རྒྱག་དགོས།
དེ་ལས་གཞན་ད་རུང་། དུས་ཡུན་ལས་བརྒལ་བའི་ཟས་རིགས་མེད་པར་བཟོ་བའི་འགག་སྒོ་དམ་པོར་སྲུང་དགོས། དུས་ཡུན་ལས་བརྒལ་བའི་ཟས་རིགས་ཆེད་ལས་གོ་རིམ་ལྟར་མེད་པར་བཟོ་དགོས། ཆེད་བསྒོས་དོ་དམ་པས་མེད་པར་བཟོ་རྒྱུའི་རེ་འདུན་ཞུ་བ་དང་། ཨང་གྲངས་ལྟར་མེད་པར་བཟོ་བའི་རེའུ་མིག་བཀོད་དེ་རིམ་བཞིན་ཆོག་མཆན་དགོད་དུ་འཇུག་དགོས། གནད་འགག་རེ་རེ་ནས་འགན་འཁྲི་རྩད་གཅོད་བྱས་ཏེ། དུས་ཡུན་ལས་བརྒལ་བའི་ཟས་རིགས་གཏན་འཁེལ་ལྟར་མེད་པར་བཟོས་ནས། ཡང་བསྐྱར་ཚོང་རར་ཞུགས་པ་གཏན་འགོག་བྱེད་དགོས།
ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་ལ། རང་འདེམ་ཚོང་ཁང་ནི་ཟས་རིགས་དང་ཚོང་རྫས་འདོན་སྤྲོད་བྱེད་པའི་ཚོང་པ་ཡིན་པའི་ཆ་ནས། རང་འདེམ་ཚོང་ཁང་ཆེ་ཆུང་གང་ཡིན་རུང་ཟས་རིགས་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་ནན་ཏན་བྱས་ཏེ། ཟས་རིགས་བདེ་འཇགས་ཡོང་བར་འགན་སྲུང་བྱེད་པ་དེ་གོ་གནས་འབུར་ཐོན་དུ་འཇོག་པ་དང་། ཟས་རིགས་བདེ་འཇགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། ཚད་གཞི་ནན་མོ་དང་ལྟ་སྐུལ་དོ་དམ་ནན་མོ། ཆད་པ་ནན་མོ། འགན་འཁྲི་རྩད་གཅོད་ནན་མོ་བཅས་ཀྱིས། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱིུ་གཅིག་གྱུར་རང་བཞིན་དང་ཆེད་ལས་རང་བཞིན་ཇེ་དྲག་ཏུ་བཏང་ནས། འཛད་སྤྱོད་མཁན་གྱི་ཟས་རིགས་བདེ་འཇགས་ལ་དངོས་གནས་འགན་སྲུང་བྱེད་དགོས། །
རྩོམ་སྒྲིག་པ། འབྲུག་མོ།