སོ་བཀྲུ་བ་དེ་ཁའི་ནང་གི་གཙང་སྦྲ་བྱེད་ཐབས་གལ་ཆེན་ཞིག་ཡིན་མོད། མི་མང་པོས་དེ་ལ་ངོས་འཛིན་གསལ་བོ་ཞིག་བྱེད་ཐུབ་ཀྱིན་མེད།
དང་པོ། སོ་བཀྲུས་ན་སོ་དཀར་པོར་འགྱུར་བར་འདོད་པ།
མི་ལ་ལའི་བསམ་པར། བདེ་ཐང་གི་སོ་ནི་དཀར་པོ་དཀར་རྐྱང་ཏེ། སོ་སྨན་ཚོང་འཕྲིན་མཚམས་སྦྱོར་བྱེད་མཁན་གྱི་སོ་ལྟ་བུ་ཞིག་ཡིན་པར་འདོད། དེ་ནི་ནོར་འཁྲུལ་གྱི་བསམ་བློ་སྟེ། རྒྱུན་ལྡན་གྱི་སོ་ཡི་གྲུབ་ཚུལ་ནི་དྭངས་གསལ་ཆེ་བའི་སོ་རྩིའི་རིམ་པའི་འོག་ཏུ་སེར་སྐྱ་འདྲེས་མའི་སོ་གཤིས་རྣམ་པ་མངོན་ཡོད་པས། རྒྱུན་ལྡན་གྱི་སོ་ཡི་མདོག་ནི་ཅུང་དཀར་ལ་སེར་ཤ་འདྲེས་པ་ཞིག་ཡིན། དུས་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོའི་སོ་སྟེང་དུ་སོ་དྲེག་ཅུང་ཆགས་སྲིད་ལ། སོ་བཀྲུ་བའི་དམིགས་ཡུལ་ནི་སོ་དྲེག་དེ་དག་གཙང་སེལ་བྱེད་ཆེད་ཡིན་པས། སོ་བཀྲུས་རྗེས་སོ་མདོག་ཅུང་དཀར་པོར་འགྱུར་མོད། དེ་ཡང་དཀར་པོ་དཀར་རྐྱང་མ་ཡིན་པར་སོའི་རྒྱུན་ལྡན་གྱི་མདོག་སྟེ་དཀར་ལ་སེར་ཤ་འདྲེས་པ་ཞིག་ཡིན།
གཉིས་པ། སོ་བཀྲུས་ན་སོ་བར་ཇེ་ཆེར་འགྱུར་བར་འདོད་པ།
ནོར་འཁྲུལ་གྱི་ལྟ་ཚུལ་འདིས་མི་གང་མང་ཞིག་ལ་སོ་བཀྲུ་མི་འདོད་པར་བཟོ་བཞིན་ཡོད། དོན་དངོས་སུ། སོ་དྲེག་ཆགས་པ་དང་སོ་རྙིལ་གཉན་ཚད་བྱུང་བ་ལས་སོ་སྟེང་གི་གནས་དེ་སྐྲངས་བ་ཡིན་ལ། སོ་བཀྲུས་རྗེས་སོ་དྲེག་གཙང་སེལ་བྱས་ཤིང་སོ་རྙིལ་སྐྲངས་པ་དེའང་རིམ་གྱིས་ཞི་བས། སོ་བར་མངོན་གསལ་སྒོས་ཇེ་ཆེར་གྱུར་བ་རེད། དེ་ནི་སོ་ཡི་རྒྱུན་ལྡན་གྱི་སྣང་ཚུལ་སླར་གསོ་བྱས་པ་མ་གཏོགས་སོ་བཀྲུས་ནས་སོ་བར་ཇེ་ཆེར་གྱུར་པ་ཞིག་གཏན་ནས་མིན། དུས་མཚུངས་སུ། གལ་ཏེ་སོ་བར་ཇེ་ཆེར་འགྱུར་བར་དོགས་ནས་སོ་མ་བཀྲུས་ན་སོ་དྲེག་ཆགས་པ་དང་སོ་རྙིལ་སྐྲངས་སྲིད་པས། དེ་ལས་ལྷག་པའི་མཇུག་འབྲས་མི་ལེགས་པ་འབྱུང་སྲིད།
གསུམ་པ། སོ་བཀྲུས་ན་སོ་བརྩེ་བར་འདོད་པ།
སོ་དྲེག་དེ་ལྭ་བ་མཐུག་པོ་ཞིག་དང་འདྲ་བར་སོ་ཡི་ཕྱི་ཤུན་རིམ་པ་དེ་ཡོངས་སུ་བཏུམ་ཡོད་པས། སོ་བཀྲུས་རྗེས་སོ་དྲེག་གཙང་མར་བླངས་པ་ལས་སོ་ལ་ཚོར་སྣང་མི་གཅིག་པ་ཞིག་བྱུང་བ་རེད། གལ་ཏེ་བདེ་ཐང་གི་སོ་ཞིག་ཡིན་ན་ཚོར་སྣང་དེ་སོ་བཀྲུས་རྗེས་ཀྱི་གཟའ་འཁོར་གཅིག་ནས་གཉིས་ཀྱི་ནང་དུ་མེད་པར་འགྲོ་སྲིད།
ལོ་ཙཱ་བ། འབྲུག་མོ།