མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་སྤྱི་ལོ༢༠༡༥ལོའི་ཟླ༤བའི་ནང་དངོས་སུ་བཙུགས་པ་ཡིན་ལ། ཚན་ཁག་འདིར་ད་ལྟ་ནད་པ་འདུག་སའི་མལ་ཁྲི༢༠དང་སྨན་ལུམས་ཀྱི་ཁྲུས་གཤོངས༢༠ སྨན་བཅོས་མི་སྣ༡༠བཅས་ཡོད། སྨན་ཁང་གིས་ནད་པའི་གསོ་བཅོས་ཀྱི་ཆེད་དུ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་དང་སྨན་བཅོས་ཁོར་ཡུག་མཁོ་སྤྲོད་བྱས་ནས་སྨན་ལུམས་གསོ་བཅོས་ཀྱི་ཕན་ནུས་མཐོར་འདེགས་སུ་བཏང་ཡོད། སྨན་ལུམས་ཀྱི་གསོ་བཅོས་བྱེད་ཐབས་ནི་དཔལ་ལྡན་རྒྱུད་བཞི་ལ་ཁུངས་གཏུགས་ནས་བདུད་རྩི་ལྔ་བོའི་ཆུ་ལུམས་ཀྱི་གསོ་བཅོས་བྱེད་ཐབས་དང་། ཞོར་དུ་བཅིངས་ལུམས་དང་སྐམ་ཁབ། རླངས་ལུམས། བསྐུ་མཉེ་སོགས་བསྟེན་པའི་བོད་ལུགས་གསོ་རིག་གི་ཁྱད་ཆོས་མཚོན་པའི་གསོ་བཅོས་བྱེད་ཐབས་ཤིག་ཡིན་ལ། དྲེག་གྲུམ་གྱི་རིགས་དང་ཤིང་རེངས། མཁལ་འགྲམས། རླུང་ཚབས། རུས་འཛེར། ཤ་བཀྲ་དང་གླང་ཤུ་སོགས་པགས་ནད་ཀྱི་རིགས་ལ་ཕན་འབྲས་མངོན་གསལ་ཡིན།
སྨན་ལུམས་ཚན་ཁག་ནི་སྨན་ཁང་འདིའི་གནད་སའི་ཆེད་བཅོས་ཚན་ཁག་ཅིག་ཡིན་ལ། སྨན་བཅོས་སྒྲིག་ཆས་ཆ་ཚང་བ་དང་སྨན་ནུས་མངོན་གསལ་ཐོབ་ཡོད་པར་མ་ཟད། སྨན་ཁང་གིས་ཚན་ཁག་གི་ཆེད་སྦྱོང་འཛུགས་སྐྲུན་ཐད་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཚན་ཁག་གི་དོ་དམ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། སྲོལ་རྒྱུན་བོད་ལུགས་གསོ་རིག་གི་གསོ་ཚུལ་གྱི་སྔོག་འདོན་བཀོད་སྒྲིག་དང་གསར་གསུམ་རྣམ་གྲངས་ཧུར་ཐག་གིས་སྤེལ་བ་སོགས་ཀྱི་ཐད་ལ་གལ་ཆེ་བའི་བྱ་བ་མང་པོ་སྒྲུབས་ཡོད། དེར་མ་ཟད་སྨན་ལུམས་ཚན་ཁག་གི་སྨན་བཅོས་མི་སྣ་ཡོད་ཚད་ལ་ལོ་ཕྱེད་རིང་སྦྱོང་བརྡར་བྱས་ནས། ཚན་ཁག་གི་སྨན་བཅོས་སྤུས་ཚད་ཀྱང་ཇེ་ལེགས་སུ་སོང་ཡོད་པས། རྒྱ་ཆེའི་ནད་པ་རྣམས་མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་ཏུ་ནད་བརྟག་སྨན་བཅོས་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད།
མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་ནི༢༠༡༤ལོར་དངོས་སུ་བཙུགས་པ་དང་། ད་ལྟ་ཚན་ཁག་དེར་ནད་པ་འདུག་སའི་མལ་ཁྲི༡༠ཙམ་དང་། སྨན་པ་འབུམ་རམས་པ་གཞོན་པ་གཅིག་དང་། རབ་འབྱམས་སྨན་པ་གཅིག སྨན་པ་དཀའ་བཅུ་བ་གཉིས་བཅས་ཡོད། སྨན་ཁང་གིས་སྲོལ་རྒྱུན་བོད་ལུགས་གསོ་རིག་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་སྟེང་དེང་རབས་གསོ་རིག་དང་ཟུང་འབྲེལ་བྱས་ནས་སྔར་ལས་བདེ་འཇགས་དང་ནུས་ཐོན། ཚན་རིག་སོགས་དང་མཐུན་པའི་གསོ་ཚུལ་བཏོན་ཡོད་ལ། གཏར་ག་དང་དངུལ་ཁབ། རྩ་སྦྱོངས། མེ་བཙའ། སྣུམ་བྱུགས། བཅིངས་ལུམས། སྨན་ལུམས་སོགས་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་གསོ་ཚུལ་དང་། བོད་ཕྱི་ཟུང་འབྲེལ་སྒོས་མགོ་ན་བ་དང་མགོ་ཡུ་འཁོར་བ། དྲེག་གྲུམ་གྱི་ནད་སོགས་རྒྱུན་མཐོང་གི་ནད་རིགས་གང་མང་སྨན་བཅོས་བྱེད་པ་དང་ནད་པའི་ལུས་ཟུངས་བདེ་ཐང་ཡང་གསོ་བཅོས་བྱེད་བཞིན་ཡོད།
རྩོམ་སྒྲིག་པ་དང་གསར་འགོད་པ། འབྲུག་མོ་དང་རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།