མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་གཅིན་སྙི་ཟ་ཁུའི་ཚན་ཁག་ནི་སྤྱི་ལོ་༢༠༡༡ལོར་གསར་དུ་བཙུགས་ཤིང་སྨན་ཁང་འདིའི་ཚན་ཁག་གཙོ་བོའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་ཏུའང་བདམས་ཡོད། ཚན་ཁག་འདིར་ད་ལྟ་ནད་པ་འདུག་སའི་མལ་ཁྲི་བཞི་བཅུ་ཙམ་ཡོད་ཅིང་། སྨན་པ་འབུམ་རམས་པ་གཅིག་དང་སྨན་པ་འབུམ་རམས་པ་གཞོན་པ་གཅིག གཙོ་བཅོས་སྨན་པ་གཉིས། ཞག་སྡོད་སྨན་པ་བཞི། རམ་འདེགས་སྨན་པ་གཅིག་བཅས་ཡོད།
ཚན་ཁག་འདིས་གཅིན་སྙི་ཟ་ཁུའི་ནད་ལ་ཞིབ་འཇུག་དང་ནད་ཐོག་ཉམས་མྱོང་མང་པོ་གསོག་འཇོག་བྱས་པ་བརྒྱུད་དེ། སྲོལ་རྒྱུན་དང་གསར་གཏོད་ཟུང་འབྲེལ་གྱི་གསོ་ཐབས་ལ་བརྟེན་ནས་ཚན་ཁག་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བཅོས་ཐབས་ལམ་སྟེ་འཇིགས་མེད་དགུ་སྦྲེལ་གྱི་བཅོས་ཐབས་གསར་གཏོད་བྱས་ཤིང་། གསོ་བཅོས་ཐབས་ལམ་འདིས་གཅིན་སྙི་ཟ་ཁུའི་ནད་ལ་ཕན་འབྲས་མངོན་གསལ་ཅིག་བླངས་ཡོད། ཚན་ཁག་འདིའི་གཅིན་སྙི་ཟ་ཁུའི་གསོ་བཅོས་ཀྱི་རྩ་དོན་ནི། ཐོག་མར་ཟ་ཁུ་ཀུན་འཇོམས་བསྟེན་ནས་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་བ་ལས་བྱུང་བའི་ཟས་ལ་རྔམ་པ་དང་གཅིན་སྙི་བ། ལུས་ཀྱི་ཤ་སྐེམ་པ་དང་ཐང་ཆད་པ་སོགས་ཀྱི་ནད་རྟགས་ཞི་བར་བྱེད་པ་དང། བར་དུ་མང་སྦྱོར་དང་གཅིན་སྙི་ཨ་རུ་བཅོ་བརྒྱད། ཨ་རུ་བཅུ་བ་ཁ་ཚར་ཅན། ཡུང་བ་བཞི་ཐང་། ཏིག་ཏ་བརྒྱད་པ་སོགས་སྨན་སྣ་མང་པོ་བཀོལ་ནས་གཅིན་སྙི་ཟ་ཁུའི་བླ་གཉན་གྱི་ནད་དེ་མཁལ་ནད་དང་མཆིན་ནད། ཕོ་བ་དང་རྒྱུ་མའི་ནད་སོགས་རང་སོར་འཇུག་པ། ཐ་མར་ནད་གཞི་སངས་དྲག་ཏུ་གཏོང་བའི་ཕན་འབྲས་ལེན་པ་དེ་ཡིན།
མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གིས་གཅིན་སྙི་ཟ་ཁུ་གསོ་བའི་སྨན་དེ་འཇིགས་མེད་ཟ་ཁུ་ཀུན་འཇོམས་ཀྱི་ནད་ཐོག་ཞིབ་འཇུག་སྤེལ་བ་དང་། དེའི་ཁྱབ་ཁོངས་ཀྱི་གསར་གཏོད་མང་པོ་བཏོན་ལ་མ་མཐར་ཡང་ཁེ་དབང་ཚན་པ་ལྔ་བླངས་ཡོད་ཅིང་། གསོ་བཅོས་ཀྱི་ཕན་འབྲས་ཤིན་ཏུ་ལེགས་པར་མ་ཟད་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གཙོ་གནད་ཚན་ཁག་ཏུ་རེ་ཞུ་བྱས་ཡོད།།
ཚན་ཁག་འདིའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 15597170864ཡིན།
རྩོམ་སྒྲིག་པ་དང་གསར་འགོད་པ། འབྲུག་མོ་དང་རྟ་མགྲིན་སྐྱབས།