མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་མཆིན་མཁྲིས་ཚན་ཁག་ནི་སྤྱི་ལོ༢༠༠༩ལོར་བཙུགས་པ་དང་། སྨན་ཁང་འདིའི་ཆེད་བཅོས་ཚན་ཁག་གཙོ་བོའི་གྲས་ཀྱི་གཅིག་ཡིན། ད་ལྟ་ནད་པ་འདུག་སའི་མལ་ཁྲི་བཞི་བཅུ་ཙམ་ཡོད་ཅིང་། སྨན་པ་འབུམ་རམས་པ་གཅིག་དང་འབུམ་རམས་པ་གཞོན་པ་གསུམ། སྨན་པ་རབ་འབྱམས་པ་བཞི། སྨན་པ་དཀའ་བཅུ་བ་དྲུག ནད་གཡོག་བརྒྱད་བཅས་ཀྱིས་གྲུབ་པའི་སྨན་བཅོས་རུ་ཁག་ཅིག་ཡིན་པར་མ་ཟད། ཚན་ཁག་འདི་ནི་ཞིང་ཆེན་རིམ་པའི་ཆེད་བཅོས་ཚན་ཁག་གཙོ་བོ་དང་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚན་ཁག་ཏུ་བདམས་ཡོདཅིང་། དེའི་ཁྲོད་ཀྱི་མི་རིགས་གསོ་རིག་སྟེ་བོད་ལུགས་གསོ་རིག་གི་མཆིན་མཁྲིས་གསོ་བཅོས་ཆེད་ལས་འདིར་རྒྱལ་ཁབ་སྨན་སྦྱོར་གྱི་ནད་ཐོག་ཁྲོད་ཚོད་ལྟ་བྱེད་ཆོག་པའི་ཐོབ་ཐང་ཐོབ་ཡོད།
ཚན་ཁག་འདིས་གཙོ་བོར་བོད་ལུགས་གསོ་བཅོས་ཀྱི་ཐབས་ལམ་སྟེ་ཟས་སྤྱོད་སྨན་དཔྱད་བཞི་དང་ཕྱི་ལུགས་གསོ་རིག་གི་ནད་བརྟག་ལག་རྩལ་ཟུང་འབྲེལ་སྒོས་མཆིན་མཁྲིས་དང་གཤེར་རྨེན་གྱི་ནད་རིགས་སྣ་ཚོགས་ལ་སྨན་བཅོས་གང་ལེགས་བྱས་ཏེ་རྒྱ་ཆེའི་ནད་པ་མང་པོ་ནད་ཀྱི་སྡུག་བསྔལ་ལས་གྲོལ་དང་འགྲོལ་བཞིན་ཡོད། ལྷག་པར་དུ་ཚན་ཁག་འདིས་འཇིགས་མེད་གཡུ་རྙིང་བདུན་ཅུ་དང་འཇིགས་མེད་མཆིན་ནད་ཀུན་འཇོམས། འཇིགས་མེད་གསེར་ཏིག་ཁ་ཚར་ཅན། འཇིགས་མེད་རིན་ཆེན་སྣ་བདུན་སོགས་སྨན་སྣ་གྲགས་ཅན་གང་མང་སྤྱད་དེ་མཆིན་ནད་དུག་ཐབས་དང་མཆིན་པ་སྲ་འགྱུར། མཆིན་འབྲས། མཆིན་པ་ཚིལ་འགྱུར། མཆིན་པའི་སྲིན་སྐྲན། མཁྲིས་ཚད། མཁྲིས་སྐྲན། མཁྲིས་པ་མིག་སེར། མཆེར་ནུས་ཉམས་པ། མཆེར་ཚད། མཆེར་བ་ཁྲག་སྦོས། གཤེར་རྨེན་ནུས་ཉམས། གཤེར་རྨེན་རྩ་འགག གཤེར་སྐྲན། བྱིས་པའི་མཆེར་ཚད་སོགས་མཆིན་མཁྲིས་དང་གཤེར་རྨེན་གྱི་གསོ་བཅོས་ཐད་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད།