དང་པོ། ཟས་རིགས་གཙོ་བོ་སྟེ་ཕྱེའི་རིགས་དང་ཤའི་རིགས་མི་ཟ་བར་སྔོ་ཚོད་དང་སིལ་ཏོག ཁོ་ན་ཟ་བ།
སིལ་ཏོག་ལ་འཚོ་རྒྱུ་བེ་ཧྲིན་སུའུ་དང་ཐན་ཆུ་འདྲེས་སྦྱོར་དངོས་པོའི་འདུས་ཚད་མཐོ་མོད། འཚོ་བཅུད་ཀྱི་གྲུབ་ཆ་ཅུང་སྣ་གཅིག་ཡིན་པ་དང་། ལྷག་པར་དུ་ཚིལ་སྐྱུར་དང་སྤྲི་དཀར་གྱི་རིགས་མེད་པ་ཡིན། དེ་ལྟར་དུས་ཡུན་རིང་པོར་ལུས་སྟེང་དུ་སྤྲི་དཀར་མཁོ་འདོན་བྱེད་མ་ཐུབ་ཚེ་ལུས་ཕུང་སྐྲངས་སྲིད། ཟས་རིགས་གཙོ་བོ་སྟེ་ཕྱེ་ཡི་རིགས་མི་ཟ་བའི་བུད་མེད་རྣམས་ཀྱི་ལུས་སྟེང་དུ་མངར་ཆས་མི་འདང་བས་མཁལ་མའི་ནུས་པར་གནོད་པ་ཐེབས་སྲིད།
གཉིས་པ། དགོང་ཟས་རྒྱགས་ཚིམ་པ་ཞིག་ཟ་བ།
དགོང་ཟས་རྒྱགས་དྲགས་ཚེ། ཁྲག་མངར་དང་ཁྲག་ནང་གི་ཨེམ་རྨང་སྐྱུར་དང་ཚིལ་སྐྱུར་གྱི་་གར་ཚད་ཇེ་མཐོར་འགྲོ་བ་ཡིན། དེར་བརྟེན་གཤེར་མའི་ཕུང་རྩི་ཟགས་ཐོན་ཆེན་པོ་འབྱུང་སྲིད། དགོང་མོར་མི་རྣམས་འགུལ་སྐྱོད་བྱེད་ཚད་ཉུང་བས། ཟས་འཇུ་དཀའ་ཕྱིར། ཚ་ཚད་མང་པོ་གཤེར་མའི་ཕུང་རྩིའི་ནུས་པར་བརྟེན་ནས་ཚིལ་རུ་གྱུར་ཏེ་རིམ་གྱིས་ལུས་སྟེང་དུ་ཚོ་བསོགས་པ་རེད། དེ་བས་དགོང་ཟས་ལ་སྣུམ་ཞགས་དང་ཚྭ་ཉུང་བའི་བཟའ་བཏུང་གི་རིགས་བསྟེན་ན་བཟང་།
གསུམ་པ། དགོང་ཟས་ཀྱི་རྗེས་སུ་མངར་ཟས་ཟ་བ།
བུད་མེད་མང་པོ་ཞིག་དགོང་ཟས་ཀྱི་རྗེས་སུ་མངར་ཟས་ཟ་རྒྱུར་དགའ། ཡིན་ནའང་ཆེས་མངར་བའི་ཟས་རིགས་ཟོས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཕོག་སྲིད། དེ་ལས་གཞན་དགོང་ཟས་ཟོས་རྗེས་འགུལ་སྐྱོད་བྱེད་ཚད་ཉུང་བས་མངར་ཆའི་ཁྲོད་ཀྱི་ཀ་རའི་གྲུབ་ཆ་དེ་ཞུ་དཀའ་བ་ལས་ཚིལ་རུ་གྱུར་ནས་ཚོ་བསོགས་པ་རེད། དེ་ལྟར་ཡུན་རིང་འགོར་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་སློང་སྲིད།
བཞི་བ། དགོང་མོའི་དུས་ཚོད་དྲུག་གི་རྗེས་སུ་ཟ་མ་མི་ཟ་བ།
སྤྱིར་དུས་ཚོད་བཞི་ནས་དྲུག་ཙམ་འགོར་རྗེས་ཕོ་བས་ཟས་ཡོངས་སུ་འཇུ་ཟིན་པས། གལ་ཏེ་དུས་ཡུན་རིང་པོར་དུས་ལྟར་ཟ་མ་མ་ཟོས་ན་ཕོ་ནད་བསྐྱེད་སྲིད། དེ་བས་ཉིན་གཅིག་གི་བཟའ་བཏུང་འཚོ་བཅུད་ཀྱི་སྡེབ་ཁར་བཀོད་སྒྲིག་ལེགས་པོ་བྱེད་དགོས་ཏེ། དགོང་མོར་སྣུམ་ཞགས་དང་ཚ་ཉུང་བའི་བཟའ་བཏུང་དང་འཚོ་རྒྱུ་བེ་ཧྲིན་སུའུ་དང་ཚི་སྣའི་རྒྱུ་འདུས་པའི་ཟས་རིགས་གཙོ་བཟུང་ན། ཕོ་བར་སྲུང་སྐྱོབ་བྱེད་ཐུབ་ཅིང་ཚོ་མི་འབུད་པ་ཡིན།
ལྔ་བ། ཟས་མགྱོགས་པོར་ཟ་བ།
ཟས་ཞིབ་མོར་བལྡད་ནས་དལ་མོར་མིད་ན་ཟས་རིགས་འཇུ་བ་དང་འཚོ་བཅུད་བསྡུ་ལེན་བྱེད་པར་ཕན་པར་མ་ཟད། ད་དུང་ཁྲག་མངར་བརྟན་ཆགས་དང་ཟས་ཚོད་འཛིན་པ། སོ་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དགེ་མཚན་ལྡན་པས། དགོང་ཟས་དལ་མོར་འཐུང་ན་བཟང་།
དྲུག་པ། ཁུ་དྭངས་ཀྱི་ནང་དུ་ཟས་རིགས་སྣ་ཚོགས་སྦངས་ནས་འཐུང་ན་འཇུ་སླ་བར་འདོད་པ།
བུད་མེད་ལ་ལ་སྔོ་ཚོད་ཀྱི་རིགས་ལ་མི་དགའ་བར། རྒྱུན་པར་ཟས་རིགས་ཁུ་དྭངས་དང་ཆུ་ཁོལ་གྱིས་སྦངས་ནས་ཟ་རྒྱུར་དགའ། གལ་ཏེ་འདི་ལྟར་ཟོས་ན་ཟས་རིགས་ཁའི་ནང་ནས་ཞིབ་ཏུ་མི་བལྡད་པར་ཐད་ཀར་མིད་སྲིད། སྤྱིར་ཟས་རིགས་དེ་དཀར་ཟས་དང་དམར་ཟས་གཉིས་མཉམ་དུ་སྡེབ་ནས་ཟ་དགོས་ཤིང་། ཁ་དོག་སྣ་ཚོགས་ལྡན་པའི་སྣ་མང་ཟས་རིགས་ཟོས་ན་བཟང་། རབ་ཡིན་ན་ཉིན་རྒྱུན་ལུས་སྟེང་དུ་དགོས་ངེས་ཀྱི་ཚིལ་ཞགས་དང་སྤྲི་དཀར། མངར་ཆའི་རིགས་བཅས་དང་འཚོ་རྒྱུ་བེ་ཧྲིན་སུའུ་དང་གཏེར་རྒྱུ་བཅས་མཁོ་འདོན་བྱས་ན་བཟང་།
གོང་གི་ཤེས་བྱ་འདི་དག«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་» གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།