གཅིག བྱིས་པ་དང་ན་གཞོན་ལོ་ཆུང་གི་དུས་སྐབས།
ལུས་སྟེང་དུ་ཀལ་ཞེས་པའི་རྗས་དེས་མི་འདང་བ་ནི་ཀྲུང་གོའི་བྱིས་པ་རྣམས་ལ་ཡོངས་ཁྱབ་ཏུ་གནས་པའི་སྣང་ཚུལ་ཞིག་རེད། ང་ཚོས་རྒྱུན་ཟས་ཏེ་ཕྱེ་དང་སྔོ་ཚོད་ཀྱིས་ཧ་ལམ་ཉིན་རེར་མིའི་ལུས་སྟེང་དུ་ཀལ་རྫས 30﹪ཡས་མས་མ་གཏོགས་མཁོ་འདོན་བྱེད་ཐུབ་ཀྱིན་མེད། དེའི་སྟེང་དུ་བྱིས་པ་མང་པོ་ཞིག་ཟས་ལ་ཁ་འདུན་ཆེ་ཞིང་ཕྱི་རོལ་གྱི་ངལ་རྩོལ་དང་ལུས་རྩལ་སྦྱོང་བརྡར་བྱེད་ཚད་ཉུང་བས། འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ལུས་སྟེང་དུ་ཀལ་རྫས་ཀྱིས་མ་འདང་བ་ལས་རུས་པའི་སྟུག་ཚད་དང་རུས་པའི་པགས་རྫས། རུས་པའི་གདུང་ཆུང་བཅས་ཀྱི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། གལ་ཏེ་བྱིས་པའི་ལུས་སྟེང་དུ་ཀལ་རྫས་ཀྱིས་མ་འདང་ན། སྨན་རྫས་ལ་མི་བསྟེན་པར་ཟས་རིགས་ལ་བསྟེན་དགོས་ཏེ། ཀལ་འདུས་ཚད་མཐོ་བའི་ཟས་རིགས་མང་ཙམ་ཟ་རུ་བཅུག་ནས། བཟའ་བཏུང་གི་སྡེབ་ཁ་ལེགས་སྒྲིག་སྒོས་བྱིས་པའི་ལུས་སྟེང་དུ་ཀལ་རྫས་ཀྱིས་མི་འདང་བའི་གནད་དོན་དེ་ཐག་གཅོད་བྱེད་དགོས།
ན་གཞོན་ལོ་ཆུང་གི་སྐབས་སུ་མི་ལུས་ལ་གནོད་པའི་ཟས་རིགས་ཏེ། ཧན་པའོ་པའོ(汉堡包)ཞེས་པ་དེ་དང་ཞོག་ཁོག་ཕྲ་མོར་གཏུབ་ནས་གཡིས་ནང་དུ་བཙོས་ཡོད་པའི་རིགས། ད་དུང་རླངས་ཆུ་བཅས་གཏན་ནས་མང་པོ་ཟ་བའམ་འཐུང་མི་རུང་། རྒྱུ་མཚན་ནི་ཟས་རིགས་དེ་དག་གི་ནང་དུ་ནཱ་ཞེས་པའི་རྫས་དང་སྣུམ་ཚིལ་མང་པས་མི་ལུས་ལ་གནོད་པ་ལས་ཕན་པ་ཆུང་། འཚོ་བཅུད་ཕྱོགས་ཀྱི་ཆེད་མཁས་སྨན་པས་བལྟས་ན། ན་གཞོན་ལོ་ཆུང་གི་དུས་སྐབས་སུ་སྲན་ཁུའི་རིགས་འཐུང་བའི་གོམས་སྲོལ་ཆགས་པར་བྱས་ན། རྗེས་ཕྱོགས་སུ་སྙིང་ཁམས་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པར་ཟེར།
གཉིས། དར་མའི་དུས་སྐབས།
ལོ་ན་རིམ་གྱིས་དར་མའི་དུས་སྐབས་སུ་ཐོན་ན། སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་སླ་བ་ཡིན། དེ་བས་སྔོ་ཚོད་དང་སིལ་ཏོག ཉ་ཤ་བཅས་མང་པོ་ཟ་བ་དང་རྒུན་ཆང་ཅུང་ཟད་རེ་འཐུང་ན་བཟང་། གསོ་རིག་གི་ཞིབ་འཇུག་ལས་ཤེས་པ་ལྟར་ན། ཀྲོ་མ་ཀྲུ་ཡིས་ཆུ་རྨེན་དང་གློ་འབྲས། ཕོ་འབྲས་བཅས་སྔོན་འགོག་བྱེད་ཐུབ་ཅིང་། ད་དུང་སྲན་ཆེན་གྱིས་མཁྲིས་རྒྱུ་གཤེར་རྩི་ཇེ་དམར་གཏོང་ཐུབ་པས། ཟས་རིགས་འདི་དག་ངེས་པར་དུ་ཟ་དགོས།
གསུམ། མངལ་སྦྲུམ་པའི་དུས་སྐབས།
མངལ་སྦྲུམ་པ་ནི་ཧ་ཅང་གནད་འགག་གི་དུས་སྐབས་ཤིག་ཡིན་པས། སྦྲུམ་མས་ཕྱོགས་གཅིག་ནས་འཚོ་བཅུད་ལྡན་པའི་ཟས་རིགས་མང་པོ་ཟོས་ནས་སྦྲུམ་བུ་ལ་འཚོ་བཅུད་མཁོ་འདོན་བྱེད་དགོས་ཤིང་། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་ལུས་པོའི་ལྗིད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ན། རྗེས་ཕྱོགས་ཀྱི་གཟུགས་གཞི་རྒྱུན་ལྡན་དུ་འགྱུར་དཀའ་བར་ཡང་སེམས་ཁུར་ཆེ་བ་རེད། དོན་དངོས་སུ། རྒྱུན་ལྡན་གྱི་གནས་ཚུལ་འོག་སྦྲུམ་མས་འཚོ་བའི་གོམས་གཤིས་གཏན་ནས་བསྒྱུར་མི་དགོས་པར། བཟའ་བཏུང་གི་སྡེབ་ཁ་དོ་མཉམ་ཡོང་དགོས་པ་དང་། ལྷག་པར་དུ་ནངས་ཇ་འཐུང་རྒྱུ་གཏན་ནས་བརྗེད་མི་རུང་། སྦྲུམ་མས་རྒྱུན་པར་ལོ་མའི་སྐྱུར་རྒྱུའི་འདུས་ཚད་མཐོ་བའི་ཟས་རིགས་ཏེ། དཔེར་ན་མཆིན་པ་དང་། ཚོད་ནག ཆིན་ཚལ། ཤིང་འབྲས་སོགས་མང་པོ་ཟ་བ་དང་ཞོ་བཅས་འཐུང་ན་སྦྲུམ་བུའི་འཚར་སྐྱེ་ལ་ཕན།
བཞི། རྒན་པའི་དུས་སྐབས།
མི་རྒས་ནས་ལོ་ལོན་ཚེ། ལུས་སྟོབས་ཇེ་ཞན་དང་ཟ་མའི་ཡི་ག་ཇེ་ཆུང་དུ་འགྱུར་སྲིད། དེར་བརྟེན་བཟའ་བཏུང་ལ་འཚོ་བཅུད་ཕུན་སུམ་ཚོགས་ཤིང་འཇུ་སླ་བའི་རིགས་བསྟེན་དགོས། རྒན་པ་རྣམས་ཀྱིས་ལུགས་མཐུན་སྒོས་བཟའ་བཏུང་བསྟེན་ཚུལ་གྱི་གཞི་རྩའི་རྩ་དོན་ནི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་དགོས་ལ། ལུས་ཚོ་བའམ་ཡང་ན་ཀླད་སྙིང་ཁྲག་རྩའི་ནད་བྱུང་ཡོད་པའི་རྒན་པ་རྣམས་ཀྱིས་སྣུམ་ཞགས་དེ་འདྲ་མང་པོ་བསྟེན་མི་རུང་། རྒན་པ་མང་ཆེ་བར་མཚོན་ནས་བཤད་ན། འོས་འཚམ་གྱིས་ནོར་ལུག་གི་ཤ་དང་ཉ་ཤ། སྒོ་ངའི་རིགས་ཟོས་ན་ལུས་ཕུང་ལ་ཕན་པ་ཆེན་པོ་ཡོད། དེ་ལས་གཞན། རྒན་པ་རྣམས་ཀྱིས་ཟས་རྒྱགས་དྲགས་པ་ཟོས་ན་མི་རན་ཏེ་མྱུར་ལངས་རང་བཞིན་གྱི་ཕོ་བ་རྒྱ་སྐྱེད་པ་དང་ཟས་མི་འཇུ་བར་མ་ཟད། མྱུར་ལངས་རང་བཞིན་གྱི་གཤེར་མའི་གཉན་ཚད་དང་མཁྲིས་སྣོད་གཉན་ཚད་སོགས་སློང་སྲིད། དེ་བས་རྒན་པ་ཚོས་ཟས་ཐུན་ཇེ་མང་དང་ཟས་ཐུན་རེའི་ཟ་ཚད་ཇེ་ཉུང་དུ་བཏང་ནས་དུས་ལྟར་ཟ་དགོས།།
ལོ་ཙཱ་བ། འབྲུག་མོ།