H7N9འདབ་ཆགས་ཆམ་ནད་ཀྱི་ངོ་བོ་དང་སྔོན་འགོག་ཤེས་བྱ།
2017.04.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 48

 2013ལོ་ནས2017ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་བར། མི་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་ལH7N9འདབ་ཆགས་ཆམ་ནད་བྱུང་ཏེ་མི་བཞི་བརྒྱ་ཉེར་བརྒྱད་ཤི་བ་རེད།
H7N9འདབ་ཆགས་ཆམ་ནད་ནི་འདབ་ཆགས་ཆམ་ནད་ནད་དུག་གིས་བསླངས་བའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་ལ། འཛམ་གླིང་སྟེང་ཐོག་མར་ཤེས་པའི་ཆམ་རིམས་ནད་དུག་གསར་བ་ཞིག་རེད།

ནད་དེ་བྱུང་རྗེས་ཀྱི་ཐོག་མའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་རིམས་དང་འདྲ་ལ། གཙོ་བོ་ཚ་རྒྱས་པ་དང་། སྣ་འཚུབ་པ། ལུ་བ། མིད་པ་དང་མགོ་ན་བ་བཅས་ལུས་ཡོངས་མི་བདེ་བའི་ཚོར་བ་ཡོད། ནད་པ་ལ་ལར་ད་རུང་སྐྱུགས་མེར་ལངས་བ་དང་། གསུས་པ་ན་བ། བཤལ་བ་སོགས་འཇུ་ལམ་གྱི་ནད་རྟགས་མངོན་སྲིད། གོང་གི་ནད་རྟགས་ལས་གཞན། ནད་པ་ལྕི་མོ་དག་ལ་གློ་ཚད་དང་དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་བར་མ་ཟད་ཐ་ན་འཆི་ཡང་སྲིད། 

འདབ་ཆགས་ཆམ་ནད་ཀྱི་ནད་དུག་དེ་འཇུ་ལམ་དང་དབུགས་ལམ་བརྒྱུད་ནས་འགོ་བ་ཞིག་ཡིན་ལ། མི་རྣམས་ཀྱིས་ཐད་ཀར་འདབ་ཆགས་ཆམ་ནད་ཀྱི་ནད་དུག་ཡོད་པའི་ཁྱིམ་བྱ་དང་བྱ་བྲིན་སོགས་ལ་ཐུག་རེག་བྱས་པ་དང་། གཞན་ཡང་མཆིལ་ཟེགས་དང་དབུགས་ལམ་གྱི་ཟགས་ཐོན་སོགས་བརྒྱུད་ནས་འགོ་བ་ཞིག་ཀྱང་ཡིན།

H7N9འདབ་ཆགས་ཆམ་ནད་གསོ་བཅོས་བྱེད་པའི་བྱེད་ཐབས་གཙོ་བོ་ནི་ནད་དུག་འགོག་པའི་གསོ་བཅོས་བྱེད་དགོས། མིག་སྔར་དབང་རྩའི་ཨེམ་སྐྱུར་རྩབས་ཚོད་འགོག་སྨན་རྫས་ནིH7N9འདབ་ཆགས་ཆམ་ནད་ཀྱི་ནད་དུག་འགོག་པའི་སྨན་རྫས་གཙོ་བོ་ཡིན།

H7N9འདབ་ཆགས་ཆམ་ནད་ཀྱི་ནད་དུག་འགོས་པར་དོགས་པ་ཟ་བའི་ནད་པས་སྔ་མོ་ནས་དབང་རྩའི་ཨེམ་སྐྱུར་རྩབས་ཚོད་འགོག་སྨན་རྫས་བསྟེན་དགོས་ལ། སྨན་རྫས་དེ་ནད་བྱུང་བའི་དུས་ཚོད་ཞེ་བརྒྱད་ཀྱི་ནང་དུ་བསྟེན་མགོ་རྩོམ་དགོས། H7N9འདབ་ཆགས་ཆམ་ནད་བྱུང་བའི་ནད་པ་ལྕི་མོ་དང་ནད་ཐོག་སྨན་བཅོས་ཁྲོད་ནས་དབང་རྩའི་ཨེམ་སྐྱུར་རྩབས་ཚོད་འགོག་སྨན་རྫས་བསྟེན་དགོས་པའི་ནད་པས། ནད་དེ་བྱུང་ནས་དུས་ཚོད་ཞེ་བརྒྱད་འགོར་ཟིན་ནའང་བསྟེན་ཆོག

དབང་རྩའི་ཨེམ་སྐྱུར་རྩབས་ཚོད་འགོག་སྨན་རྫས་ཀྱི་ནང་ཨོ་སི་ཐ་བིས་དང་ཀྲ་ན་མིས་བིས། ཕ་ལ་མིས་བིས་སོགས་ཡོད། གལ་ཏེ་ཚ་རྒྱས་པ་དང་། ལུ་བ། ལུད་པ་ལུ་བ། མགོ་ན་བ། ཤ་གནད་ན་བ། གསུས་པ་བཤལ་བ། སྐྱུགས་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་བཅོས་བྱེད་དགོས།

H7N9འདབ་ཆགས་ཆམ་ནད་ནི་འདབ་ཆགས་ཆམ་ནད་གསར་བ་ཞིག་ཡིན་ཞིང་། 2013ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཧྲང་ཧེ་དང་ཨན་ཧོས་ས་ཁུལ་གཉིས་སུ་ཐོག་མར་བྱུང་བ་དང་། འདབ་ཆགས་ཆམ་ནད་རིགས་གཞན་ཞིག་རེད། མིག་སྔར་དེའི་མཆེད་སྟངས་དང་རིམས་འགོག་སྨན་རྫས་ད་རུང་གཏན་འཁེལ་བྱེད་མེད་པས། སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེ།

གཅིག་ནས་རྒྱུན་དུ་ལག་པ་གཙང་མར་བཀྲུ་བ་དང་། ཁ་ལུད་གང་སར་མི་འཕེན་པ། ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཁ་སྣ་བཏུམ་པ་སོགས་རང་ཉིད་ཀྱི་འཕྲོད་བསྟེན་གཙང་སྦྲའི་གོམས་སྲོལ་སྲུང་འཛིན་བྱས་ཏེ། ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་སྔོན་འགོག་ཅི་ཐུབ་བྱེད་དགོས།

གཉིས་ནས་མ་ཚོས་པའི་བྱ་སྒོང་མི་ཟ་བ་དང་བྱ་རིགས་ལ་ཐུག་རེག་མི་བྱེད་པ།

གསུམ་ནས་བྱ་ཤའི་རིགས་ཚོས་ཐག་ཆོད་པར་བྱས་ནས་ཟ་བ།

བཞི་ནས་བྱ་རིགས་གློ་བུར་དུ་ཤི་བ་མཐོང་ཚེ་དེ་མ་ཐག་ཏུ་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་དུག་སེལ་དང་ལོགས་སུ་བཀར་དགོས། བྱིས་པས་བྱ་རོ་ལ་ཐུག་རེག་བྱེད་པར་འགོག་དགོས།

ལྔ་ནས་ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་དང་། འཚོ་བཅུད་ཁ་གསབ་ལ་དོ་སྣང་བྱེད་པ། གཉིད་འདང་ཚིམ་པ་དང་ངལ་གསོ་བཟང་པོ་བྱས་ཏེ། ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

དྲུག་ནས་བྱ་ཤའི་རིགས་ཀྱི་ཐོན་རྫས་ཉོས་ན་ཚད་ལྡན་གྱི་ཚོང་ཁང་ནས་ཉོ་དགོས། །

བདུན་ནས་འདབ་ཆགས་ཆམ་ནད་ཀྱི་ནད་རྟགས་དེ་གཞན་པའི་ཆམ་རིམས་ཀྱི་ནད་རྟགས་དང་འདྲ་བས་དེ་ལ་དོ་སྣང་བྱེད་དགོས། གལ་ཏེ་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ་སོགས་སྣང་ཚུལ་ཁ་ཤས་ཀྱི་འོག མཉམ་བྱུང་ནད་བསྐྱེད་སྲིད་པར་མ་ཟད་དེ་ལ་བསྟེན་ནས་འཆི་སྲིད། དེ་བས། ཚ་རྒྱས་པ་དང་མགོ་ན་བ། སྣ་འཚུབ་པ། ལུ་བ། ལུས་ཡོངས་མི་བདེ་བ་སོགས་དབུགས་ལམ་གྱི་ནད་རྟགས་ཐོན་ཚེ། ཁ་ཐུམ་བརྒྱབ་ཏེ་གང་མགྱོགས་སྒོས་སྨན་ཁང་ལ་སོང་ནས་བརྟག་བཅོས་བྱེད་དགོས།

དབུགས་ལམ་གྱི་ནད་རིགས་འབྱུང་ཚད་མཐོ་བའི་དུས་ཚིགས་སུ། གལ་ཏེ་མིད་པ་ན་བ་དང་ཚ་རྒྱས་པ། ཤ་གནད་ན་བ་སོགས་ཆམ་ནད་ཀྱི་ནད་རྟགས་བྱུང་ཚེ། ངལ་གསོ་བར་དོ་སྣང་བྱས་ཏེ་ཆུ་ཁོལ་མང་པོ་འཐུང་བ་དང་། ཁང་བའི་ནང་དུ་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་དགོས། ལུས་ཟུངས་ཞན་པའི་ལོ་ལོན་དང་ནད་འགོག་ནུས་པ་ཞན་པའི་བྱིས་པས་རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱས་ཏེ་རང་ཉིད་སྲུང་སྐྱོབ་བྱེད་པ་དང་། ནམ་རྒྱུན་མི་མང་འདུ་སར་མི་འགྲོ་བ་དང་། རང་ལ་མི་བདེ་བའི་ནད་རྟགས་བྱུང་ཚེ་དུས་ཐོག་ཏུ་བརྟག་བཅོས་བྱེད་དགོས།
མི་ལ་འདབ་ཆགས་ཆམ་ནད་འགོས་ཚེ་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཡར་ཞུ། སྔ་མོ་ནས་ལོགས་སུ་བཀར་བ། སྔ་མོ་ནས་གསོ་བཅོས་བཅས་བྱེད་རྒྱུ་ཧ་ཅང་གལ་ཆེ།

གཅིག རང་ཉིད་དམ་མཐའ་འཁོར་གྱི་མི་ལ་ཚ་རྒྱས་པ་དང་ལུ་བ། དབུགས་འཚངས་པ། ལུས་ཡོངས་ལ་ན་ཟུག་ལངས་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས།

གཉིས། མི་ལ་འདབ་ཆགས་ཆམ་ནད་དང་ཡང་ན་དེ་དང་འདྲ་བའི་ནད་བྱུང་ཚེ། དུས་ཐོག་ཏུ་ས་གནས་ཀྱི་སྨན་བཅོས་སྒྲིག་གཞི་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་ཡར་ཞུ་བྱེད་དགོས།

གསུམ། འདབ་ཆགས་ཆམ་ནད་བྱུང་བའི་ནད་པ་དང་དོགས་པ་ཡོད་པའི་ནད་པ་དུས་ཐོག་ཏུ་ལོགས་སུ་བཀར་བ་དང་། ནད་པར་འབྲེལ་འདྲིས་བྱས་པའི་མི་ཡང་ལོགས་སུ་བཀར་ནས་ལྟ་ཞིབ་བྱས་ཏེ། ནད་ཡམས་མཆེད་པར་སྔོན་འགོག་བྱེད་དགོས།

བཞི། འདབ་ཆགས་ཆམ་ནད་ལ་ངོས་འཛིན་བྱས་པའི་ནད་པར་གསོ་བཅོ་ལེགས་པོ་བྱེད་པ་དང་། ཁྱད་པར་དུ་དལ་བའི་རང་བཞིན་གྱི་ནད་རིགས་གཞན་པ་ཡོད་པའི་མི་ལ་སྔ་མོ་ནས་གསོ་བཅོས་བྱེད་དགོས། དེ་ཡང་ནད་དུག་འགོག་པའི་སྨན་རྫས་ཀྱིས་གསོ་བཅོས་བྱས་ན། ནད་པ་མང་ཆེ་བ་ཞིག་གི་དྲག་བསྐྱེད་འབྱུང་ཐུབ།

ལོ་ཙཱ་བ། འབྲུག་མོ།