ལུས་ཚོ་བའི་གཅིན་སྙི་ཟ་ཁུའི་ནད་པས་སྨན་བསྟེན་ཞོར་དུ་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བར་དོ་སྣང་བྱེད་དགོས།
2017.04.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 80

 སྤྱིར་བཏང་དུ་གཅིན་སྙི་ཟ་ཁུའི་ནད་བྱུང་ཚེ་ལུས་པོ་ཇེ་སྐམ་དུ་འགྲོ་བར་འདོད་ཀྱིན་ཡོད། དོན་དངོས་སུ་ད་སྐབས་མི་མང་པོ་ཞིག་ལ་ཚོ་བུད་པ་དང་བསྟུན་ནས་གཅིན་སྙི་ཟ་ཁུའི་ནད་འབྱུང་བཞིན་ཡོད་པར་མ་ཟད། གཅིན་སྙི་ཟ་ཁུའི་ནད་བྱུང་ཡང་ལུས་པོ་ཇེ་སྐམ་དུ་མི་འགྲོ་བ་རེད། མི་འདི་དག་ལ་ལུས་ཚོ་བའི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་པ་ཟེར་ཞིང་། ཁོ་ཚོས་གཅིན་སྙི་ཟ་ཁུའི་ནད་གསོ་བཅོས་བྱེད་སྐབས་ཁྲག་ཧྭགས་ཇེ་དམར་གཏོང་དགོས་པར་མ་ཟད། ད་རུང་ལུས་ཀྱི་ལྗིད་ཚད་ཚོད་འཛིན་བྱེད་དགོས། གསོ་བཅོས་བྱེད་སྐབས་སྔོན་མ་བྱས་ནས་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བའམ་དེ་ལ་གནོད་པ་མེད་པའི་སྨན་རྫས་བསྟེན་པར་བསམ་བློ་གཏོང་དགོས།

ཁྲག་ཧྭགས་བརྗེ་ཚབ་རྒྱུན་ལྡན་མིན་པ་དང་ཁྲག་ཤེད་མཐོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ་བཅས་ནི་ཚང་མས་ཤེས་པའི་སྙིང་ཁམས་ཁྲག་རྩའི་ནད་རིགས་ཀྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཡིན་ལ། ལུས་ཚོ་བ་དང་འབྲེལ་བའི་རྒྱུན་ལྡན་གྱི་ནད་རིགས་ཤིག་ཀྱང་རེད། ཞིབ་འཇུག་ལས་བདེན་དཔང་བྱུང་བ་ལྟར་ན། ལུས་ཚོ་བ་ནི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བ། ཚིལ་བརྗེ་ཚབ་འཁྲུགས་པ། སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་དུ་འཇུག་པའི་ཉེན་ཁའི་རྒྱུ་རྐྱེན་ཆེན་པོ་གྲས་ཀྱི་གཅིག་ཡིན། བརྗེ་ཚབ་རྒྱུན་ལྡན་མིན་པར་མ་ཟད་ལུས་ཚོ་བ་དེ་ལ་བརྗེ་ཚབ་རྟགས་འདུས་ཟེར་ཞིང་། ཤན་གླིང་རྒྱུ་འགོག་པ་ནི་བརྗེ་ཚབ་རྟགས་འདུས་ཀྱི་ནད་འབྱུང་གྲུབ་ལུགས་ཤིག་ཡིན། དུས་མཚུངས་སུ་ཤན་གླིང་རྒྱུ་འགོག་པ་དང་ཤན་གླིང་རྒྱུའི་ཟགས་ཐོན་ཉུང་བ་ནི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་གོ་རིམ་ཁྲོད་ཀྱི་ན་ལུགས་དང་སྐྱེ་ལུགས་ཀྱི་གྲུབ་ཆ་གཙོ་བོ་གཉིས་ཡིན།

ཞིབ་འཇུག་གི་གྲུབ་འབྲས་མང་པོ་ལས་བདེན་དཔང་བྱུང་བ་ལྟར་ན། ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་བཏང་ཚེ་ལུས་ཁམས་ཕུང་གྲུབ་ཀྱིས་ཤན་གླིང་རྒྱུའི་ཚོར་རྐྱེན་རང་བཞིན་ཇེ་མཐོར་བཏང་སྟེ། ཤན་གླིང་རྒྱུ་འགོག་ཤུགས་ཇེ་ཡང་དང་ཁྲག་ཤེད་དང་ཁྲག་ཧྭགས། ཁྲག་ཚིལ་སོགས་སྙིང་ཁམས་ཁྲག་རྩའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པ་ལུས་ཚོན་པོ་ཅན་མང་ཆེ་བར་མཉམ་དུ་ཁྲག་ཤེད་དང་ཁྲག་ཚིལ་མཐོ་བ་སོགས་ཀྱི་ནད་ཡོད་པར་མ་ཟད། སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཡང་མངོན་གསལ་དུ་ཇེ་མཐོ་ཡིན་པས། ནད་པ་དེ་དག་ལ་གསོ་བཅོས་བྱེད་ན་ཁྲག་ཧྭགས་དང་ཁྲག་ཤེད་ལ་ཚོད་འཛིན་བྱེད་རྒྱུ་དེ་ཁོ་ན་མིན་པར། ཆེས་གལ་ཆེ་བ་ནི་ནད་པའི་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བར་ཁྲིད་སྟོན་བྱེད་པའི་དུས་མཚུངས་སུ། ལུས་ཀྱི་ལྗིད་ཚད་འཕར་སྣོན་དང་ཁྲག་ཧྭགས་ཇེ་དམར་འགྲོ་བ་ལས་གཡོལ་ཐུབ་མིན་དང་། ཁྲག་ཧྭགས་འབབ་ཏུ་འཇུག་པའི་གསོ་བཅོས་བྱེད་སྐབས་ནད་པར་མཉམ་བྱུང་ནད་འབྱུང་ཚད་ཇེ་དམར་གཏོང་ཐུབ་མིན་ལ་བསམ་གཞིགས་ལེགས་པོ་བཏང་སྟེ། མཇུག་མཐར་ཁོ་ཚོའི་འཚོ་བའི་སྤུས་ཚད་དང་ཚེ་ཐག་ཇེ་རིང་དུ་བསྲིང་བར་ཤུགས་སྣོན་དགོས་པ་དེ་རེད།

གཅིན་སྙི་ཟ་ཁུའི་ནད་གསོ་བཅོས་བྱེད་སྐབས་བཟའ་བཏུང་ལ་ཚོད་འཛིན་དང་། འགུལ་སྐྱོད་འོས་འཚམ། སྨན་གྱིས་གསོ་བཅོས་སོགས་བྱེད་དགོས། རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་དང་བསྡོངས་པའི་ལུས་ཚོ་བའི་ནད་པའི་ཁྲག་ཧྭགས་དང་དེའི་ལུས་ཀྱི་ལྗིད་ཚད་ལ་དོ་སྣང་བྱས་ཏེ། ཐོག་མར་ཚན་རིག་ལྟར་བཟའ་བཏུང་ལ་ཚོད་འཛིན་དང་འགུལ་སྐྱོད་ལེགས་པོ་བྱེད་དགོས། ལུས་ཀྱི་ལྗིད་ཚད་ཚོད་འཛིན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ནི་ཟས་བཅུད་ཀྱི་གསོ་བཅོས་དང་འགུལ་སྐྱོད་ཀྱི་གསོ་བཅོས། སྨན་གྱི་གསོ་བཅོས། གཤགས་བཅོས་ཀྱི་གསོ་བཅོས་སོགས་ཡིན། ཟས་བཅུད་ཀྱི་གསོ་བཅོས་དང་འགུལ་སྤྱོད་ཀྱི་གསོ་བཅོས་སོགས་ནི་ཚོ་འབུད་པར་ཚོད་འཛིན་བྱེད་པའི་རྨང་གཞི་ཡིན་ལ། ནད་པ་མང་ཆེ་བ་ཞིག་གིས་བྱེད་ཐབས་འདི་དག་སྤྱད་ན་གསོ་བཅོས་ཀྱི་དམིགས་འབེན་དུ་བསླེབས་ཐུབ། ཡིན་ནའང་། དགོས་ངེས་ཀྱི་སྐབས་སུ་སྨན་གྱིས་གསོ་བཅོས་བྱེད་པའམ་ཡང་ན་གཤགས་བཅོས་ཀྱི་གསོ་བཅོས་བྱེད་ཐབས་སྤྱོད་དགོས།

ཁྲག་ཧྭགས་འབབ་ཏུ་འཇུག་པའི་སྨན་རྫས་འདེམ་སྐབས། ཐོག་མར་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བར་ཕན་པ་དང་ཡང་ན་ལུས་ཀྱི་ལྗིད་ཚད་ལ་ཤུགས་རྐྱེན་ལྡན་པའི་བར་གཤིས་སྨན་རྫས་བཀོལ་བར་བསམ་བློ་གཏོང་དགོས། ཤན་གླིང་རྒྱུ་ཡིས་གསོ་བཅོས་བྱེད་དགོས་པའི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་དང་བསྡོངས་བའི་ལུས་ཚོ་བའི་ནད་པས་མ་མཐའ་ཡང་ཁྲག་ཧྭགས་འབབ་ཏུ་འཇུག་པའི་སྨན་རྫས་གཞན་པའི་རིགས་གཅིག་མཉམ་དུ་བསྟེན་དགོས་ཏེ། དཔེར་ན་ཀ་གཉིས་ཟུང་ཀྭ་དང་ཤན་རྨེན་ཁྲག་མཐོའི་ཧྭགས་རྒྱུ། ཡང་ཐེ-1ལེན་གཟུགས་ངར་འཕྱོ་རྫས། a-ཐང་ཀན་མེས་ཚོད་འགོག་རྫས། ཨར་ཐེ་ཅིས་ཐེ་མེས-4ཚོད་འགོག་རྫས་སོགས་ཀྱིས་ཤན་གླིང་རྒྱུ་བསྟེན་ཚད་མང་དྲག་པའི་དབང་གིས་ལུས་ཀྱི་ལྗིད་ཚད་འཕར་སྣོན་འབྱུང་བ་ཇེ་ཡང་དུ་གཏོང་ཐུབ། ལུས་ཀྱི་ལྗིད་ཚད་ཚོད་འཛིན་ལ་ཕན་ནུས་མ་ཐོན་པའི་ནད་པས། དུས་ཡུན་ཐུང་ངུའམ་དུས་ཡུན་རིང་བོར་ཁྲག་ཧྭགས་བརྗེ་ཚབ་ལེགས་བཅོས་བྱེད་ཐུབ་པ་དང་། ཚོ་བྱང་དུ་འཇུག་པའི་སྨན་རྫས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་ལ། དགོས་ངེས་ཀྱི་སྐབས་སུ་ལུས་ཀྱི་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་གཤགས་བཅོས་བྱེད་ཐབས་སྤྱད་ཆོག།

ཀྲུང་གོར་མཚོན་ན་གཅིན་སྙི་ཟ་ཁུའི་ནད་འགོག་བཅོས་བྱེད་པའི་ལས་འགན་ཧ་ཅང་ལྕི། རྒན་པའི་མི་གྲངས་ཇེ་མང་ཡིན་པ་དེ་ཡང་གཅིན་སྙི་ཟ་ཁུའི་ནད་འབྱུང་ཚད་འཕར་བའི་རྒྱུ་རྐྱེན་ཞིག་ཀྱང་རེད། འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བ་དང་ལུས་ལ་ཚོ་བུད་པའི་དབང་གིས། ན་གཞོན་དང་དར་མའི་མི་ཚོགས་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལུས་ཚོ་བ་ཅན་གྱི་རིགས་གཉིས་པའི་གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་ཧྭགས་དང་ཁྲག་ཤེད་དེ་དམིགས་ཚད་དུ་ཚོད་འཛིན་བྱེད་དཀའ་བར་མ་ཟད། སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་དེ་བས་ཆེ། དེར་བརྟེན་གཅིན་སྙི་ཟ་ཁུའི་ནད་འགོག་བཅོས་བྱེད་པའི་ལས་འགན་ཧ་ཅང་ལྕི། ལུས་ཚོ་བ་ཅན་གྱི་གཅིན་སྙི་ཟ་ཁུའི་ནད་གསོ་བཅོས་བྱེད་སྐབས་ཅིས་ཀྱང་ཕྱོགས་བསྡུས་དོ་དམ་བྱས་ཏེ། ལུས་ཀྱི་ལྗིད་ཚད་དང་ཁྲག་ཧྭགས་ཇེ་དམར་གཏོང་བ་གཉིས་མཉམ་དུ་དམ་འཛིན་བྱེད་དགོས།

ལོ་ཙཱ་བ། འབྲུག་མོ།