གཅིག ཕྱེའི་རིགས་གཙོར་བཟུང་ནས་ཟས་རིགས་སྣ་མང་བཟའ་བ་དང་། རགས་ཞིབ་མཉམ་སྡེབ་བྱེད་དགོས།
ཕྱེའི་རིགས་ཀྱིས་ཐཱན་ཆུ་འདྲེས་སྦྱོར་དངོས་རྫས་དང་སྤྲི་དཀར། བཟའ་བཅའི་ཚི་སྣའི་རྒྱུ་དང་འཚོ་རྒྱུ་བེ་ཧྲིན་སུའུBརིགས་མཁོ་འདོན་བྱེད་པས། མི་རྣམས་ཀྱིས་ཉིན་རྒྱུན་ཕྱེའི་རིགས་ཀྱི་བཟའ་བཏུང་ངེས་པར་དུ་བསྟེན་དགོས་ཤིང་། དེའི་ཁར་རགས་ཞིབ་མཉམ་སྡེབ་བྱེད་དགོས་ཏེ། རྒྱུན་པར་ནས་ཕྱེ་དང་རྩམ་པའི་རིགས་བཟའ་དགོས།
གཉིས། སྔོ་ཚོད་དང་སིལ་ཏོག ཞོག་ཁོག་གི་རིགས་བཅས་མང་པོ་ཟ་དགོས།
སྔོ་ཚོད་དང་སིལ་ཏོག་ནི་འཚོ་རྒྱུ་བེ་ཧྲིན་སུའུ་དང་གཏེར་རྒྱུ། བཟའ་བཅའི་ཚི་སྣའི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། དེ་དག་ལ་ཆུའི་འདུས་ཚད་མང་ཞིང་ནུས་ཚད་དམའ། ཞོག་ཁོག་གི་རིགས་ལ་སིང་ཕྱེ་དང་བཟའ་བཅའ་ཚི་སྣ་དང་རིགས་སྣ་མང་བའི་འཚོ་རྒྱུ་བེ་ཧྲིན་སུའུ། གཏེར་རྒྱུ་བཅས་ཕུན་སུམ་ཚོགས་པའི་རྒྱུ་འདུས་པ་རེད། སྔོ་ཚོད་དང་སིལ་ཏོག ཞོག་ཁོག་བཅས་ཀྱིས་རྒྱུ་ལམ་ཀྱི་རྒྱུན་ལྡན་གྱི་བྱེད་ལས་སྲུང་འཛིན་བྱེད་ཐུབ་ཅིང་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་ཐུབ་པར་མ་ཟད། དལ་བའི་རང་བཞིན་གྱི་ནད་རིགས་མང་པོའི་འབྱུང་ཚད་ཇེ་དམར་གཏོང་བའི་ནུས་པ་གལ་ཆེན་ལྡན།
གསུམ། ཉིན་རྒྱུན་འོ་མ་འཐུང་བ་དང་། སྲན་ཆེན་དང་སྲན་ཕྱེ་ལས་བཟོས་པའི་ཟས་རིགས་ཟ་དགོས།
འོ་མར་ཕུན་སུམ་ཚོགས་པའི་སྤུས་ལེགས་སྒོང་སྤྲི་དང་འཚོ་རྒྱུ་བེ་ཧྲིན་སུའུ་ལས་གཞན། ཀལ་འདུས་ཚད་ཀྱང་མཐོ་བས། འོ་མ་ནི་ཀལ་རྫས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། སྲན་ཆེན་ལ་ཕུན་སུམ་ཚོགས་པའི་སྤུས་ལེགས་སྒོང་སྤྲི་དང་ལུས་ཕུང་ལ་ངེས་པར་དུ་མཁོ་བའི་ཚིལ་སྐྱུར་དང་། འཚོ་རྒྱུ་བེ་ཧྲིན་སུའུBརིགས། བེ་ཧྲིན་སུའུ E། བཟའ་བཅའི་ཚི་སྣ་སོགས་འཚོ་རྒྱུ་མང་པོ་འདུས་ཡོད།
བཞི། སྣུམ་ཞགས་མང་པོའི་ཟས་རིགས་ཇེ་ཉུང་དུ་བཏང་ནས་ཚྭ་ཉུང་བའི་སྐྱ་ཟས་སྐྱ་ཆུའི་སྐོར་བསྟེན་དགོས།
སྣུམ་ཞགས་མང་པོའི་ཟས་རིགས་བསྟེན་དྲགས་ན་ལུས་ཕུང་ལ་ཚོ་གསོག་པ་དང་། ཁྲག་ཚིལ་མཐོ་བ། འཕར་རྩ་སྲ་འགྱུར་སོགས་དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་འབྱུང་ སྲིད་ཅིང་། ཚྭ་མང་པོ་ཟོས་ན་ཁྲག་ཤེད་མཐོ་བའི་ནད་སློང་སྲིད། དེ་བས་ཚང་མས་ཚྭ་དང་སྣུམ་ཞགས་ཉུང་བའི་ཟས་རིགས་བསྟེན་པའི་གོམས་གཤིས་ཆགས་པར་བྱེད་དགོས།
ལྔ། མང་བཟའ་མང་འཐུང་མི་བྱེད་པ་དང་ཉིན་རྒྱུན་ལུས་ཕུང་སྦྱོང་བརྡར་བྱེད་དགོས།
འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱིས་བཟའ་བཏུང་གི་བསྟེན་ཚད་ཇེ་མང་དང་ལུས་ཕུང་གི་འགུལ་སྐྱོད་ཇེ་ཉུང་དུ་ཕྱིན་པས། རང་རྒྱལ་གྱི་སྡོད་དམངས་རྣམས་ཀྱི་ལུས་ཕུང་ལ་ཚོ་གསོག་ཚད་རིམ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་ལ། དེ་ནི་དལ་བའི་རང་བཞིན་གྱི་ནད་རིགས་མང་པོའི་སྣ་འདྲེན་ཞིག་ཡིན། དེ་བས་མང་བཟའ་མང་འཐུང་མི་བྱེད་པར། ཟས་ཐུན་རེ་རེར་ཅུང་འགྲང་ཙམ་དང་དེ་དང་བསྟུན་ནས་ལུས་ཕུང་སྦྱོང་བརྡར་བྱེད་དགོས་ཏེ། ཟས་ཚད་དང་འགུལ་ཚད་གཉིས་དོ་མཉམ་ཡོང་དགོས།
དྲུག ཟས་ཐུན་རེ་རེར་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། ཞོར་ཟས་ཉུང་ཙམ་བསྟེན་པ།
ཉིན་རེའི་ཟས་ཐུན་གསུམ་པོ་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། དུས་ལྟར་ཏུ་ཟ་ཚད་གཏན་འཁེལ་བྱེད་དགོས། མི་རང་ཉིད་ཀྱི་ལས་རིགས་དང་ངལ་རྩོལ་བྱེད་ཚད། འཚོ་བའི་གོམས་གཤིས་བཅས་ལྟར་འོས་འཚམ་སྒོས་སྙོམ་སྒྲིག་བྱེད་དགོས། ལྷག་པར་དུ་དགོང་ཟས་ཉུང་ཙམ་བསྟེན་པ་དང་ཚིལ་ཞགས་ཉུང་བ་དང་འཇུ་སླ་བའི་ཟས་རིགས་བསྟེན་དགོས། ཞོར་ཟས་ནི་ཉིན་རེའི་ཟས་ཐུན་གསུམ་པོའི་ཕན་ཆད་ཀྱི་འཚོ་བཅུད་ཁ་སྣོན་ཡིན་པས། མང་པོ་མི་བསྟེན་པར་ཉུང་ཙམ་བདམས་ནས་སྤྱད་ཆོག
བདུན། ཉིན་རེར་འཐུང་ཆུ་ལུས་སྟེང་དུ་མཁོ་ཚད་ཅིག་འཐུང་དགོས།
ཆུ་ནི་རྒྱུན་པར་ཉུང་ཉུང་རེ་འཐུང་དགོས་ལ། ཁ་སྐོམ་རག་བར་དུ་སྒུག་མི་རུང་། སྐོམ་ཆུ་ནང་གི་མཆོག་ཏུ་གྱུར་བ་ནི་ཆུ་ཁོལ་ཡིན། དེ་ལས་གཞན་པའི་གཏེར་རྒྱུ་དང་འཚོ་རྒྱུ་བེ་ཧྲིན་སུའུ་ཡིས་ལས་སྣོན་བྱས་པའི་སྐོམ་ཆུའི་རིགས་དེ་ཚ་གདུག་ཆེ་བའི་ཕྱི་རོལ་དུ་བྱ་འགུལ་སོགས་སྤེལ་སྐབས་འཐུང་བ་ལས། རྒྱུན་པར་འཐུང་ན་དེའི་ནང་དུ་མངར་ཆའི་འདུས་ཚད་མཐོ་བས། ལུས་སྟེང་གི་ནུས་ཚད་དེ་ཚད་ལས་བརྒལ་འགྲོ།
བརྒྱད། གཙང་ཞིང་གསར་བ་ཡིན་པའི་ཟས་རིགས་བསྟེན་དགོས།
ཟས་རིགས་ཉར་འཇོག་བྱས་པའི་དུས་ཡུན་རིང་ན་ངོ་བོ་འགྱུར་བའམ་རུལ་སྲིད་པས། མིའི་ལུས་སྟེང་དུ་དུག་ཕོག་པའི་ཉེན་ཁ་བཟོ་སྲིད། དེ་ལས་གཞན་ཉར་འཇོག་བྱེད་ཡུན་རིང་བའི་ཟས་རིགས་ལ་གནོད་ལྡན་དངོས་རྫས་ཀྱིས་འབག་བཙོག་ཐེབས་སྲིད་དེ། དཔེར་ན་ནད་བསྐྱེད་པའི་འབུ་ཕྲ་རབ་དང་གཞན་བསྟེན་སྲིན་འབུ། དུག་ལྡན་འདྲེས་སྦྱོར་དངོས་རྫས་སོགས་ཡོད་པ་ལྟ་བུ་རེད། དེ་བས་གཙང་ཞིང་གསར་བ་ཡིན་པའི་ཟས་རིགས་ལ་གནོད་ལྡན་དངོས་རྫས་དེ་དག་གིས་བརྫད་སྐྱོན་ཐེབས་མེད་པས་ཧ་ཅང་བདེ་འཇགས་ཡིན།།
ལོ་ཙཱ་བ། འབྲུག་མོ།