རང་ཞིང་གིས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཚད་གཞི་ལེགས་སྒྲིག་བྱས་པ།
2017.05.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོརའགྲེམ་སྤེལ་བྱས་ཏེ། 2017ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་ལེགས་སྒྲིག་དང་། སྒེར་གྱི་དངུལ་སྤྲོད་ཚད་གཞི་ལེགས་སྒྲིག་དང་གཅིག་གྱུར། དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་ཐོབ་ཆ་ཇེ་མཐོ་བཅས་སུ་གཏོང་རྒྱུའི་ཐག་བཅད།

བརྡ་སྦྱོརནང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ་གསལ་པོ་བྱས་ཡོད། 2017ལོར་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་གསོག་ཚད་གཞི་དེ2016ལོའི་སྒོར610ཡི་རྨང་གཞིའི་སྟེང་གཅིག་གྱུར་གྱིས་སྒོར70ཇེ་མང་དུ་བཏང་བས། སྒོར680ལ་སླེབས། དེའི་ནང་སྲིད་གཞུང་གི་ཁ་གསབ་མི་རེར་ཆ་སྙོམས་ཀྱིས་སྒོར40ཇེ་མང་དུ་བཏང་བས། སྒོར526ལ་སླེབས་པ་དེས། བསགས་དངུལ་སྤྱི་གྲངས་ཀྱི་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་བཞི་ཟིན་པ་དང་། མི་སྒེར་གྱིས་སྤྲོད་དགོས་པའི་མ་དངུལ་མི་རེར་ཆ་སྙོམས་ཀྱིས་སྒོར་སུམ་ཅུ་ཇེ་མང་དུ་བཏང་ནས། སྒོར་བརྒྱ་དང་ང་བཞི་ལ་སླེབས་པས། བསགས་དངུལ་སྤྱི་གྲངས་ཀྱི་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དྲུག་ཟིན་ཡོད། དུས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་ལེགས་སྒྲིག་གཅིག་གྱུར་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱི་ལོ་ཆེ་ཆུང་ལ་མི་བལྟ་བར་གཅིག་མཚུངས་ཀྱིས་མི་རེར་ཆ་སྙོམས་ཀྱིས་སྒོར154ཡི་ཚད་གཞི་ལྟར་སྤྲོད་པ་དང་། མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་གི་གསོག་དངུལ་ཚད་གཞི་ཇེ་མཐོར་བཏང་། སྲིད་གཞུང་ཁ་གསབ་ནང་གི་མི་རེའི་ཆ་སྙོམས་ཀྱི་གསར་སྣོན་སྒོར་བཞི་བཅུའི་ནང་གི་སྒོར་བཅུ་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་གི་གསོག་དངུལ་ཚད་གཞི་ཇེ་མཐོར་གཏོང་བའི་ཐད་བཀོལ། ཚད་གཞི་ཇེ་མཐོར་བཏང་རྗེས་མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་གི་གསོག་དངུལ་ཚད་གཞི་དེ་སྔོན་གྱི་མི་རེར་ཆ་སྙོམས་ཀྱིས་སྒོར་ལྔ་བཅུ་ནས་མི་རེར་ཆ་སྙོམས་ཀྱིས་སྒོར་དྲུག་ཅུ་རུ་ཇེ་མང་དུ་བཏང་བ་དང་། དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོའི་སྨན་བཅོས་འགན་སྲུང་སྲིད་ཇུས་ལེགས་སྒྲིག་བྱས། རང་ཞིང་གིས་ཡིག་ཚགས་བཟོ་བ་དང་བྱང་བུ་ལས་ཡོད་པའི་དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་ཐོག་མའི་གཏོང་སྤྲོད་ཚད་གཞི་སྒོར་སྟོང་ལྔ་ནས་སྟོང་གསུམ་དུ་ལེགས་སྒྲིག་བྱས་པ་དང་། རྩིས་ཞུ་ཕྱིར་སྤྲོད་ཀྱི་ཚད་གཞི་མི་འགྱུར།

   སྲིད་ཇུས་གསར་པ་དེ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཉེན་འགོག་ཏུ་ཞུགས་པའི་མཁར་གྲོང་སྡོད་དམངས་དང་། ཡིག་ཚགས་དང་བྱང་བུ་བཙུགས་པའི་དབུལ་ཕོངས་མི་གྲང་ཚང་མར་སྤྱད་ན་འཕྲོད་པ་རེད།  

རྩོམ་སྒྲིག་པ། འབྲུག་མོ།