ཕ་ཅིན་སིན་ཞེས་པའི་ནད་ཀྱི་རྟགས་དང་བཅོས་ཐབས།
2017.05.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 87

ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་ནི་ལོ་ལོན་དང་དར་མར་འབྱུང་ཚད་མཐོ་བའི་རྒྱུན་མཐོང་གི་ནད་རིགས་ཤིག་རེད།

   རྒན་པོ་ཝང་ལགས་ད་ལོ་ལོ་དྲུག་ཅུ་རེ་གསུམ་ཡིན་ཞིང་། སྔོན་ཆད་ལུས་ཟོར་ཡང་ཞིང་གྲུང་ཤ་དོད་པོ་ཞིག་ཡིན་ལ། ལོ་འདི་འགར་གོམ་སྟབས་འཁྱོར་ཞིང་ལུས་སྟོབས་མེད་ལ། སྨྲ་བ་ཉུང་བ་ཞིག་ཏུ་གྱུར་འདུག ཁོའི་ཁྱིམ་མིས་ཁོ་རང་ལས་འཁྱུར་བྱས་རྗེས་ཁྱིམ་དུ་ལས་རྒྱུ་ཅི་ཡང་མེད་པར་ངལ་གསོས་ནས་བསྡད་པས་མ་ལོབས་པ་རེད་འདོད་ནས་དོ་སྣང་མ་བྱས། ཡིན་ནའང་རྒན་པོ་ཝང་ལགས་ཀྱི་གནས་ཚུལ་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་པས། ཟླ་གཅིག་གི་ཡར་སྔོན་དུ་ཆུང་མས་ཁོ་རང་ཁྲིད་ནས་སྨན་ཁང་དུ་སྟོན་པར་སོང་བ་ན། སྨན་པས་ཁོ་ལ་ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་བྱུང་ནས་དུས་བར་མར་ཐོན་ཡོད་ཟེར། སྨན་པས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཤེས་པ་ཡིན་ན། རྒན་པོ་ཝང་ལགས་ལ་ལོ་བདུན་བརྒྱད་ཙམ་གྱི་སྔོན་ནས་རྨི་ལམ་འཁྲུག་པ་དང་བཤང་བ་སྐམ་པའི་གནས་ཚུལ་ཡོད་མོད་དེ་ལ་དོ་སྣང་མ་བྱས་ལ། ནད་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་བས་ད་གཟོད་སྨན་ཁང་དུ་ཡོང་བ་རེད། ཟླ་བ་གཅིག་ཙམ་ལ་གསོ་བཅོས་ལེགས་པོ་བྱས་རྗེས་རྒན་པོ་ཝང་ལགས་ཀྱི་ནད་བབ་ཇེ་དགར་གྱུར་སོང་། ཡིན་ནའང་བསྡོམས་རྩིས་བྱས་པ་ལྟར་ན། རང་རྒྱལ་དུ་བརྒྱ་ཆའི་ཞེ་བདུན་ཙམ་གྱི་ནད་པས་ནད་བབ་དེ་རང་དགར་བསྐྱུར་ནས་གསོ་བཅོས་གང་ཡང་བྱེད་ཀྱིན་མེད།

 ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་རིམ་གྱིས་ཇེ་སྡུག་ཏུ་འགྲོ་བ་ཡིན།

  ཕ་ཅིན་སིན་གྱི་ནད་བྱུང་མ་ཐག་ཤེས་དགོས་ན། རྒྱུན་པར་ལོ་ལོན་རྣམས་ལ་བདག་སྐྱོང་གང་ལེགས་བྱས་ནས་ནད་དེའི་ཐོག་མའི་ནད་རྟགས་ལ་དོ་སྣང་བྱེད་དགོས། ཕ་ཅིན་སིན་ཞེས་པའི་ནད་དེའི་ཐོག་མའི་ནད་རྟགས་དེ་འདྲའི་མངོན་གསལ་ཅིག་མིན་པས། ནད་པ་རང་དང་ཁྱིམ་མིའི་མཉམ་མི་འཇོག་པ་ཡིན། མི་ལ་ལར་རྐང་ལག་ཅུང་འདར་བ་དང་རེངས་པོར་གྱུར་ནས་འགྲོ་འདུག་ཇེ་དལ་དུ་འགྱུར་བ་མ་གཏོགས། ཕལ་ཆེ་བའི་ནད་རྟགས་དེ་འདྲ་གསལ་བོ་མིན། དཔེར་ན་གཞོགས་གཅིག་གི་རྐང་ལག་དེ་འདྲ་འགུལ་སྐྱོད་བྱེད་མི་ཐུབ་པ་དང་ཤུགས་མེད་པ། སྐྲངས་པ། རྐང་པར་རྩ་འཁུམ་འབྱུང་སླ་བ།  རྐང་བ་ཡར་འཇོག་མི་ཐུབ་པ། རྐང་མཛུབ་སྐུམ་པ། སྐེད་པ་ན་བ། ཁོག་སྟོད་སྔོན་དུ་བསྲིངས་ནས་འགྲོ་བ།  སྟོད་སྒུར། རྒས་སླ་བ། ཡི་གེ་བྲིས་ན་ཇེ་ཆུང་དུ་འགྱུར་བ། ངོ་གདོང་ལ་སྣུམ་གྱིས་ཁེངས་པ། རྨི་ལམ་འཁྲུག་པ།  ཡིད་མུག་པ་དང་སེམས་ཁྲལ་ཆེ་བ། བཤང་བ་སྐམ་པ་སོགས་ལྟ་བུ་རེད། ནད་པ་དང་ཁྱིམ་མིའི་གོང་གི་གནས་ཚུལ་འདི་དག་ལ་ཞིབ་ཏུ་བརྟགས་ནས་མཉམ་འཇོག་བྱེད་དགོས། གལ་ཏེ་སྣང་ཚུལ་འདི་དག་ཡོད་ན་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས། ལྷག་པར་དུ་རྨི་ལམ་འཁྲུག་པ་དང་བཤང་བ་སྐམ་པ། ཡིད་མུག་པ་སོགས་འགུལ་སྐྱོད་རང་བཞིན་མ་ཡིན་པའི་རྟགས་འདི་དག་ནི། ཡན་ལག་འདར་ཡོམ་མ་བྱས་སྔོན་གྱི་ལོ་བཅུ་དང་ཡང་ན་ལོ་ཉི་ཤུའི་ཡར་སྔོན་ནས་ཡོད་པ་ཞིག་ཡིན།

  ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་བྱུང་ན་དེ་འདྲའི་སྐྲག་མི་དགོས།

གལ་ཏེ་སྟབས་མ་ལེགས་པར་ཕ་ཅིན་སིན་གྱི་ནད་བྱུང་ན། ལོ་ལོན་ལ་བདག་སྐྱོང་གང་ལེགས་བྱས་ནས་ནད་དེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་རོགས་བྱེད་དགོས། དེ་ལ་རྒྱུས་ལོན་གསལ་བོ་བྱུང་རྗེས་སྨན་པས་ངག་བཀོད་ལ་ཉན་ནས་ཚད་ལྡན་སྒོས་གསོ་བཅོས་བྱས་ན་དེ་ནི་ཧ་ཅང་སྐྲག་དགོས་པའི་ནད་ཅིག་མིན་ཏེ། མིག་སྔར་ད་དུང་ནད་དེ་སངས་དྲག་ཏུ་གཏོང་ཐུབ་པའི་སྨན་ཞིག་མེད་ཀྱང་དེས་ཐད་ཀར་དུ་ཚེ་སྲོག་ལ་གནོད་པ་གཏོང་མི་སྲིད་པར་རིམ་གྱིས་འབྱུང་བ་ཞིག་ཡིན། 

  ལོ་ལོན་གྱི་འགྲོ་འདུག་སྤྱོད་གསུམ་ལ་བདག་སྐྱོང་གང་ལེགས་བྱེད་དགོས།

  ཁྱིམ་དུ་ཕ་ཅིན་སིན(帕金森)བྱུང་ཡོད་པའི་ནད་པ་ཡོད་ན། ཁྱིམ་མིས་ནད་པའི་འགྲོ་འདུག་སྤྱོད་གསུམ་ལ་བདག་སྐྱོང་གང་ལེགས་བྱེད་དགོས། བཟའ་བཏུང་གི་སྡེབ་ཁར་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བ་དང་། རྒྱུན་པར་ཆུ་མང་པོ་འཐུང་དུ་འཇུག་པ་དང་། སྔོ་ཚོད་དང་སིལ་ཏོག་གི་རིགས་མང་པོ་ཟ་བ། སྲན་མ་དང་སྲན་ཕྱེ་ལས་བཟོས་པའི་ཟས་རིགས་ཀྱང་འོས་འཚམ་གྱིས་ཟ་དགོས་ལ། ཤ་ཟ་བར་ཚོད་འཛིན་པ། དགོང་མོ་གཉིད་ཁར་འོ་མ་ཕོར་བ་གང་རེ་འཐུང་བ་བཅས་བྱས་ན་ལུས་ཕུང་ལ་ཤིན་ཏུ་ཕན། ནད་དེ་བྱུང་ནས་དུས་བར་མ་དང་དུས་མཐའ་མར་སླེབས་དུས་ནད་བབ་ཇེ་སྡུག་ཏུ་གྱུར་ནས་རིམ་གྱིས་རང་གིས་རང་ལ་བདག་སྐྱོང་བྱེད་མི་ཐུབ་པས། བཟའ་མིས་བདག་སྐྱོང་ལེགས་པོ་བྱེད་དགོས།

  ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་བྱུང་ན་ནད་པ་རྣམས་འགྲོ་འདུག་ལ་སྟབས་མི་བདེ་བས་རང་ཤུགས་ཀྱི་ལུས་ཕུང་གི་འགུལ་སྐྱོད་ཀྱི་ཚད་ཇེ་ཉུང་དུ་འགྱུར་འགྲོ་བ་ཡིན། དེ་བས་སྐབས་དེར་རུས་ཚིགས་རྣམས་སྲ་མོར་འགྱུར་བ་དང་། ལུས་ཀྱི་བཟོ་ལྟ་འགྱུར་ནས་མཐའ་མར་འགུལ་མི་ཐུབ་པ་ཡིན། གནས་ཚུལ་འདི་དག་སྔོན་འགོག་བྱེད་དགོས་ན་རྒྱུན་པར་ལུས་སྦྱོང་བྱེད་དགོས་ཏེ། འཆམ་འཆམ་དུ་འགྲོ་བ་དང་། རྩལ་སྦྱོང་རྩེད་པ། སྐད་གསེང་མཐོན་པོས་དཔེ་ཀློག་བྱེད་པ། གླུ་དབྱངས་ལེན་པ་དང་ཆུར་རྐྱལ་བ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་འགུལ་སྐྱོད་སླ་མོའི་རིགས་བྱས་ན་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི་ཉལ་སར་ལྷུང་ཡོད་པའི་ནད་པ་ཞིག་ཡིན་ན་བཟའ་མིས་རོགས་རམ་འོག་རུས་ཚིགས་སོགས་འགུལ་སྐྱོད་འོས་འཚམ་བྱེད་དུ་འཇུག་དགོས།

  ཕ་ཅིན་སིན(帕金森)ཞེས་པའི་ནད་དེར་གསོ་བཅོས་བྱེད་པར་ཕྱོགས་ཡོངས་ལ་དོ་སྣང་བྱེད་དགོས།  

  མིག་སྔར་འཛམ་གླིང་དུ་ནད་དེ་བྱུང་ཡོད་པའི་ནད་པ་ཧ་ལམ་ས་ཡ་བཞི་ནས་ལྔ་ཙམ་ཡོད་ཅིང་། རང་རྒྱལ་དུ་ནད་པ་ས་ཡ་གཉིས་ཙམ་ཡོད་པས། འཛམ་གླིང་སྟེང་ ཕ་ཅིན་སིན(帕金森)ཞེས་པའི་ནད་དེ་བྱུང་བ་ཆེས་མང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཕ་ཅིན་སིན་ལ་ཁྱོན་ཡོངས་ནས་གསོ་བཅོས་བྱེད་ན་སྔ་མོ་ནས་ངོས་འཛིན་དང་ཡུན་རིང་དུ་ཕན་ཐོགས་པའི་གསོ་བཅོས་བྱས་ནས། ཕ་ཅིན་སིན་གྱི་ནད་བྱུང་བའི་ནད་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས།

  བྱེད་ཐབས་དང་པོ། འགུལ་སྐྱོད་ཀྱི་རྟགས་ལ་ཚོད་འཛིན་བྱེད་པ། ཕ་ཅིན་སིན་གྱི་འགུལ་སྐྱོད་ཀྱི་རྟགས་ལ། ལུས་པོ་མ་འགུལ་བར་གནས་སྐབས་འདར་ཡོམ་བྱེད་པ་དང་ཤ་གྲིམ་རེངས་ཤིང་མཁྲེགས་པོར་འགྱུར་བ། ལུས་པོའི་དོ་མཉམ་ནུས་པ་ཤོར་བ་སོགས་ཡིན་པས། ནད་པའི་འཚོ་བར་ཐད་ཀར་དུ་ཤུགས་རྐྱེན་ཐེབས་པ་ཡིན། དེ་བས་ནད་པས་དུས་ཐོག་ཏུ་ཕ་ཅིན་སིན་གྱི་ནད་རིགས་འགོག་པའི་སྨན་རྫས་བསྟེན་ནས་ནད་རྟགས་དེ་དག་ལ་ཚོད་འཛིན་བྱེད་དགོས།

  བྱེད་ཐབས་གཉིས་པ། འགུལ་སྐྱོད་ཀྱི་བསྡོངས་ཟླའི་ནད་ལ་ཚོད་འཛིན་བྱེད་པ། ཕ་ཅིན་སིན་གྱི་ནད་པས་རང་ཉིད་ལ་ནད་དེ་བྱུང་བའི་ཐོག་མའི་དུས་སུ་ཡུན་རིང་དུ་གསོ་བཅོས་བྱེད་པར་བསམ་བློ་གཏོང་དགོས། རྒྱུ་མཚན་ནི་ནད་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་འགུལ་སྐྱོད་ཀྱི་བསྡོངས་ཟླའི་ནད་ཀྱང་རིམ་གྱིས་འབྱུང་སྲིད་པས། དུས་ཐོག་མའི་གསོ་བཅོས་ཀྱི་སྐབས་སུ་ཡུན་རིང་ལ་བསམ་བློ་གཏོང་བ་དང་། མི་རང་ཉིད་ཀྱི་གནས་ཚུལ་ལྟར་འགུལ་སྐྱོད་ཀྱི་བསྡོངས་ཟླའི་ནད་ཇེ་ཉུང་ངམ་ཡང་ན་ཕྱིར་འགྱངས་སུ་གཏོང་བའི་སྨན་འཐུང་དགོས།

  བྱེད་ཐབས་གསུམ་པ། འགུལ་སྐྱོད་མ་ཡིན་པའི་ནད་རྟགས་ལེགས་བསྒྱུར་བྱེད་པ། ཕ་ཅིན་སིན་གྱི་ནད་པར་བཤང་བ་སྐམ་པ་དང་སྣོམ་ཚོར་གྱི་ནུས་པ་ཉམས་ཞན་དུ་འགྲོ་བ། ངལ་དུབ་ཆེ་བ། གཉིད་མི་འབབ་པ། དྲན་ཤེས་ཉམས་རྒུད་དུ་འགྲོ་བ་སོགས་འགུལ་སྐྱོད་མ་ཡིན་པའི་ནད་རྟགས་ཡོད་པ་ཡིན། དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད། བཟའ་མིས་ནད་པའི་སེམས་ཁམས་ཀྱི་གནས་ཚུལ་ལ་མཉམ་འཇོག་གང་ལེགས་བྱེད་དགོས། དེ་དང་བསྡོངས་ནས་ཡིད་མུག་པའི་ནད་རྟགས་ཀྱང་ཡོད་པའི་ཕ་ཅིན་སིན་གྱི་ནད་པར། ཡིད་མུག་པའི་ནད་ཀྱང་འགོག་ཐུབ་པའི་ཕ་ཅིན་སིན་གྱི་སྨན་བསྟེན་དགོས།

  བྱེད་ཐབས་བཞི་བ། སྐབས་བསྟུན་སྒོས་དབང་རྩར་ཚོད་འཛིན་བྱེད་པའི་ལག་རྩལ་ལ་བསྟེན་དགོས། ཕ་ཅིན་སིན་གྱི་ནད་ལ་གསོ་བཅོས་བྱེད་པའི་ཁྲོད་དུ། སྨན་རྫས་ཀྱིས་ནུས་པ་ཆེན་པོ་འདོན་མི་ཐུབ་ན་གཤགས་བཅོས་ཆུང་ངུའི་བྱེད་ཐབས་ལ་བསྟེན་ཆོག  

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།