བྱིས་པ་ཁམ་སྐྱུགས་བྱེད་པ་དེ་ནད་ཅིག་ཡིན་པའི་ངེས་པ་མེད།
2017.05.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 32

བྱིས་པས་ཁམ་སྐྱུག་བྱེད་པ་ནི་རྒྱུན་པར་འབྱུང་བའི་སྣང་ཚུལ་ཅིག་ཡིན་མོད། ཁྱིམ་བདག་ལ་ལས་བྱིས་པས་ཁམ་སྐྱུག་བྱེད་པ་མཐོང་ཚེ་ནད་ཅིག་བྱུང་བར་དོགས་ནས་མྱུར་མོར་སྨན་ཁང་དུ་འགྲོ་བཞིན་ཡོད། སྤྱིར་བྱིས་པས་ཁམ་སྐྱུག་བྱེད་པ་དེར་སྐྱེ་ལུགས་ཀྱི་སྣང་ཚུལ་དང་ན་ལུགས་ཀྱི་སྣང་ཚུལ་གཉིས་ཡོད་པས། ཁྱིམ་བདག་གིས་ཞིབ་ཏུ་བརྟགས་རྗེས་ད་གཟོད་སྨན་ཁང་དུ་འགྲོ་དགོས་མིན་ཐག་གཅོད་དགོས།

སྐྱེ་ལུགས་ཐད་ཀྱི་སྣང་ཚུལ་ཡིན་ན་བྱིས་པར་གཉོར་སྐྱོང་བྱེད་ཐབས་འོས་འཚམ་མིན་པ་ལས་བྱུང་བ་ཡིན།

སྐྱེ་ལུགས་རང་བཞིན་གྱིས་ཁམ་སྐྱུག་བྱས་པ་ཡིན་ན་བྱིས་པར་མི་བདེ་བའི་ཚོར་སྣང་ཅི་ཡང་མེད། མང་ཆེ་བ་ནུ་མ་བསྣུན་རྗེས་ཕྱིར་བསྐྱུགས་པ་ཡིན། བྱིས་པའི་སྐྱེ་ལུགས་རང་བཞིན་གྱིས་ཁམ་སྐྱུག་བྱེད་པ་དེ་གཤམ་གྱི་གནས་ཚུལ་འདི་དག་དང་འབྲེལ་བ་ཡོད་དེ།

ནུ་མ་བསྣུན་སྟངས་མི་འགྲིག་པ། བུད་མེད་ལ་ལས་མར་ཉལ་ནས་བྱིས་པར་ནུ་མ་བསྣུན་བཞིན་ཡོད་པ་དང་དེ་ལྟར་བསྣུན་ན་སྟབས་བདེ་བར་འདོད་ཀྱིན་ཡོད། ཡིན་ནའང་ནུ་མ་བསྣུན་སྟངས་དེ་ནི་མི་འགྲིག་པ་ཡིན་ཏེ། དེས་བྱིས་པར་ཉེན་ཁ་བཟོ་སྲིད་པ་དང་ཐ་ན་འོན་པར་གཏོང་སྲིད།

བྱིས་པའི་མིད་ཐག་ཧ་ཅང་ཆུང་བས་མར་ཉལ་ནས་ནུ་མ་བསྣུན་ན་འོ་མ་ཅུང་ཙམ་དང་བྱིས་པས་ཁམ་སྐྱུག་བྱས་པ་དེ་རྣམས་འབུ་ཕྲ་དང་འགྲོགས་ནས་བྱིས་པའི་རྣ་བའི་ནང་དུ་བཞུར་སྲིད་པ་དང་། དེའི་ཁར་བྱིས་པའི་རིམས་འགོག་ནུས་ཤུགས་ད་དུང་འཚར་ལོངས་བྱུང་མེད་པས། མྱུར་བའི་རང་བཞིན་གྱི་བར་སྣའི་གཉན་ཚད་འབྱུང་སྲིད་ལ། གལ་ཏེ་བར་སྣའི་གཉན་ཚད་དེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་རྣ་འོན་སྲིད། དུས་མཚུངས་སུ་བྱིས་པ་མར་ཉལ་ནས་ནུ་ཁུག་ཀྱང་ལྡུད་མི་རུང་།

ཡང་དག་པའི་ནུ་མ་བསྣུན་ཐབས་ནི། ཨ་མ་ཡར་ཙོག་ཏེ་བྱིས་པ་པང་དུ་བཟུང་ནས་ནུ་མ་བསྣུན་དགོས། དེ་ལྟར་བྱས་ན་འོ་མ་དང་སྙིགས་རོ་བྱིས་པའི་རྣ་བར་བཞུར་མི་སྲིད། བྱིས་པས་ནུ་མ་ནུ་བ་མགྱོགས་དྲགས་པའམ་ནུ་ཚད་མང་དྲགས་ན་ཕྱིར་བསྐྱུགས་སླ། དེ་བས་བྱིས་པར་ནུ་མ་བསྣུན་སྐབས་ཉུང་ཙམ་རེ་བསྣུན་ནས་ཐེངས་གྲངས་ཇེ་མང་ལ་བཏང་ནས་ཕྱིར་བསྐྱུགས་ཚད་ཇེ་ཉུང་དུ་གཏོང་དགོས།  ནུ་མ་བསྣུན་རྗེས་བྱིས་པ་ཡར་གྱེན་དུ་བསླངས་ནས་འཛིན་པ་དང་རྒྱབ་ལ་ཡང་མོར་རྡུང་དགོས།

སྤྱིར་ནུ་མ་བསྣུན་རྗེས་ལུ་རྒྱ་དང་འགྲོགས་ནས་ཕྱིར་བསྐྱུགས་པ་དེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། ཕྱིར་བསྐྱུགས་པའི་སྐབས་སུ་བྱིས་པར་མི་བདེ་བའི་ཚོར་སྣང་མེད་ན་སྐྱོན་མེད་པ་ཡིན།

ན་ལུགས་རང་བཞིན་གྱིས་བསྐྱུགས་པ་ཡིན་ན་དུས་ཐོག་ཏུ་སྨན་པར་སྟོན་དགོས།

ན་ལུགས་རང་བཞིན་གྱིས་བསྐྱུགས་པའི་སྐབས་སུ། བྱིས་པའི་རྣམ་རིག་ལྡབ་ལྡིབ་ཡིན་པ་དང་། དེ་སྐྱེ་ལུགས་རང་བཞིན་གྱིས་ཁམ་སྐྱུགས་བྱེད་པ་དང་མི་འདྲ་བར་སྐྱུག་རྒྱང་བྱེད་ཅིང་ཕྱིར་བསྐྱུགས་པའི་འོ་མའི་མདོག་ལ་ཅུང་སེར་ཤ་འདྲེས་པ་ཡིན། བྱིས་པར་གཤམ་གྱི་སྣང་ཚུལ་འདི་དག་ཡོད་ན་ཁྱིམ་བདག་གིས་དོ་སྣང་བྱས་ནས། མྱུར་དུ་སྨན་ཁང་དུ་འགྲོ་དགོས།

བྱིས་པའི་ལོ་ཚོད་དང་ཕྱིར་བསྐྱུགས་པའི་གྲངས་ཚད། བྱིས་པ་སྐྱེས་ནས་ཟླ་གསུམ་གྱི་ནང་དུ་མིད་འོག་གི་སྡོམ་ཤ་ཅུང་ལྷོད་ཡོད་པའི་རྐྱེན་གྱིས་སྐྱེ་ལུགས་རང་བཞིན་གྱིས་ཁམ་སྐྱུག་བྱེད་པའི་སྣང་ཚུལ་ཡོད་ཅིང་། ཁམ་སྐྱུག་བྱེད་ཚད་ཉུང་། གལ་ཏེ་ཕྱིར་བསྐྱུགས་ཚད་མང་ཞིང་བསྐྱུགས་པ་ཚབས་ཆེ་བའམ། ཡང་ན་བྱིས་པ་ལག་ཆགས་པ་དང་བསྟུན་ནས་བསྐྱུགས་པའི་ནད་རྟགས་དེ་ད་དུང་མངོན་གསལ་སྒོས་ཇེ་ཡང་དུ་མ་སོང་ན། ན་ལུགས་རང་བཞིན་གྱིས་བསྐྱུགས་པ་ཡིན་པས། དུས་ཐོག་ཏུ་གསོ་བཅོས་བྱེད་དགོས།

བསྐྱུགས་པ་དེ་བཟའ་བཏུང་དང་འབྲེལ་བ་ཡོད་མེད་ལ་མཉམ་འཇོག་དགོས། བྱིས་པས་ཟས་རིགས་རློན་པ་དང་འཁྱག་པ་ཟོས་པའམ་ཡང་ན་བསྐོལ་ཟིན་པའི་འོ་མ་དུས་ཚོད་གཉིས་སམ་གཉིས་ཡན་འགོར་ནས་འཐུང་ན། ནད་འབུ་དང་ནད་དུག་བྱིས་པའི་ཕོ་བར་འཛུལ་ནས་ཕྱིར་བསྐྱུགས་པ་རེད།

ཕྱིར་བསྐྱུགས་པའི་སྙིགས་རོའི་མདོག་དང་དྲི་ལ་བརྟགས་དགོས། གལ་ཏེ་མདོག་དྭངས་ཤིང་སྐྱ་བོ་ཡིན་ན། མིད་པ་ནས་ཐོན་པ་ཡིན་ཞིང་། ཕྱིར་བསྐྱུགས་པའི་ནང་དུ་འོ་རྡོག་འདྲེས་ཤིང་སྐྱུར་དྲི་བྲོ་ན་ཕོ་བ་ནས་ཐོན་པ་ཡིན། གལ་ཏེ་ཕྱིར་བསྐྱུགས་པའི་མདོག་དེ་ལྗང་སེར་ཡིན་ན། མཁྲིས་ཁུ་ཡིན་པས། རྒྱུ་སོར་བཅུ་གཉིས་ཀྱི་རྒྱུ་སྣེ་འགག་ཡོད་སྲིད།

བཤང་ལུད་རང་བཞིན་གྱིས་བསྐྱུགས་པ། དེ་ནི་རྒྱུ་མའི་ནང་དུ་ཟས་རིགས་བསྡད་ཚད་ཅུང་རིང་བས་དྲི་ངན་བྲོ་ལ། རྒྱུད་སྣེ་འགག་ཡོད་པའི་རྟགས་རེད།

ཁྲག་འདྲེས་ནས་བསྐྱུགས་པ། གལ་ཏེ་ཁྲག་མདོག་དམར་པོ་ཡིན་ན། འཇུ་ལམ་སྟོད་མ་དང་མིད་པ། ཕོ་བ་བཅས་འཕར་རྩ་ནས་ཁྲག་རྡོལ་བ་ཡིན། གལ་ཏེ་ཁྲག་མདོག་ཅུང་ཁམ་ནག་ཡིན་ན་སྡོད་རྩ་ནས་བཞུར་བ་ཡིན་པས། ནད་རྟགས་དེ་དག་ཡོད་ཚེ་མྱུར་དུ་སྨན་ཁང་དུ་མ་བསྐྱལ་ན་གསོ་བཅོས་ཀྱི་གོ་སྐབས་འཆོར་འགྲོ།

དེ་ལས་གཞན། ད་དུང་བྱིས་པར་བསྐྱུགས་པ་དང་བསྡོངས་ནས་ནད་རྟགས་གཞན་པ་ཡོད་མེད་ལ་དོ་སྣང་བྱེད་དགོས། གལ་ཏེ་བསྐྱུགས་པ་དང་བསྡོངས་ནས་ཁོག་པ་ན་བ་དང་བཤལ་བ། ཚ་རྒྱས་པ། མགོ་ན་བ་སོགས་ཀྱི་རྟགས་ཡོད་ན། ཁྱིམ་བདག་གིས་བྱིས་པ་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དགོས།  

ལོ་ཙཱ་བ། འབྲུག་མོ།