ལོ་གཉིས་ཀྱི་སྔོན་ལ། ལོ་སོ་གཅིག་ལ་བུད་པའི་ཞའོ་ཁི་ཟེར་བའི་ཕོ་གསར་ཞིག་ལ་གློ་བུར་དུ་མིག་ལ་ན་ཟུག་ལངས་བ་དང་། ད་རུང་མཚམས་ལར་མགོ་ན་བའི་ནད་རྟགས་བྱུང་། ཁོའི་བསམ་པར་དེ་ནི་བྱ་བར་ངལ་དུབ་ཆེ་བའི་རྐྱེན་གྱིས་ཡིན་པ་རེད་སྙམ་ནས་ཁ་ཡ་མ་བྱས། ན་ནིང་ལོ་མཇུག་ཏུ། ཞའོ་ཁིའི་མིག་ལ་ངལ་དུབ་བྱུང་བ་ཚབས་ཆེན་ཏུ་གྱུར་ཏེ། དངོས་པོ་ཡང་གསལ་བོར་མི་རིག་པ་རེད། དེ་ནས་ཁོས་ཟླ་གསུམ་ལ་སྨན་འཐུང་ནའང་ཕན་འབྲས་མ་ཐོན་པས། བྲེལ་མ་འཚུབ་ཀྱིས་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱས་པ་ན། མིག་ནད་སྔོ་རུབ་དུས་མཇུག་ཏུ་ཐོན་ཡོད་པ་ཤེས།
ཞའོ་ཁིའི་བསམ་པར་མིག་ནད་སྔོ་རུབ་ནི་ལོ་ལོན་རྒན་པར་བྱུང་བ་ཞིག་མིན་ནམ། ང་རང་ལོ་ཆུང་བས་མིག་ནད་སྔོ་རུབ་དུས་མཇུག་ཏུ་ཅི་ལྟར་ཐོན་པ་ཡིན་ནམ། སྤྱིར་བཏང་དུ་ཞའོ་ཁི་ལྟ་བུའི་རང་ཉིད་ལ་མིག་ནད་སྔོ་རུབ་བྱུང་བ་མི་ཤེས་པའི་ནད་པས་མང་ཆེ་བ་ཟིན་ཡོད། མིག་ནད་སྔོ་རུབ་ནི་ལོ་ཆེ་ཆུང་ཚང་མར་བྱུང་བ་ཞིག་ཡིན་ཞིང་། སྤྱིར་བཏང་གི་ཆ་ནས་ནད་དེ་འབྱུང་ཚད་བརྒྱ་ཆའི་གོར་ཐིག་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དྲུག་བཞི་ཡིན་པ་དང་། ལོ་བཞི་བཅུ་ཡན་གྱི་མི་ཚོགས་ལ་ནད་དེ་འབྱུང་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ལ་བསླེབས་ཡོད། ལོ་རེ་ལྔ་ཡན་གྱི་མི་ཚོགས་ལ་བརྒྱ་ཆའི་བཞི་ནས་བརྒྱ་ཆའི་བདུན་ལ་བསླེབས་ཡོད། མིག་ནད་སྔོ་རུབ་དེ་ལྷན་སྐྱེས་རང་བཞིན་དང་གདོད་འབྱུང་རང་བཞིན། མཐུད་འབྱུང་རང་བཞིན། མཉམ་བསྲེས་རང་བཞིན་བཅས་སུ་བཀར་ཡོད། སྤྱིར་བཏང་དུ་བཙས་མ་ཐག་པའི་བྱིས་པ་ནས་ལོ་གསུམ་བར་གྱི་བྱིས་པར་ནད་དེ་བྱུང་བ་ནི་ལྷན་སྐྱེས་རང་བཞིན་གྱི་མིག་ནད་སྔོ་རུབ་ཡིན་པ་དང་། གདོད་འབྱུང་རང་བཞིན་གྱི་མིག་ནད་སྔོ་རུབ་དེ་ཟུར་འབྱེད་རིགས་དང་ཟུར་གཏན་རིགས་གཉིས་སུ་བཀར་ཡོད། ནམ་རྒྱུན་ཚང་མར་ཆ་རྒྱུས་ཡོད་པའི་མིག་ནད་སྔོ་རུབ་ནི་གདོད་འབྱུང་རང་བཞིན་ལས་ཟུར་གཏན་རིགས་ཀྱི་མིག་ནད་སྔོ་རུབ་ཡིན་ལ། ནད་དེ་ལོ་ལྔ་བཅུ་ཡན་གྱི་མི་ལ་འབྱུང་བ་ཞིག་རེད། ནད་དེ་བྱུང་ཚེ་མིག་ལ་ན་ཟུག་ལངས་བ་ལས་གཞན། ད་རུང་མགོ་ན་བ་དང་སྐྱུགས་མེར་ལངས་བ། སྐྱུགས་པ་སོགས་ལུས་པོ་མི་བདེ་བའི་སྣང་ཚུལ་འབྱུང་སྲིད་པས། ཀླད་པའི་ཁྲག་རྩའི་ནད་རིགས་སམ་འཇུ་ལམ་གྱི་ནད་རིགས་ལ་གོ་ནོར་ཐེབས་ཀྱིན་ཡོད། ཡིན་ནའང་ཟུར་གཏན་རིགས་ཀྱི་མིག་ནད་སྔོ་རུབ་དེ། ཞའོ་ཁི་ཞེས་པའི་ནད་པ་དེར་བྱུང་བའི་ཟུར་འབྱེད་རིགས་ཀྱི་མིག་ནད་སྔོ་རུབ་དང་བསྡུར་ན་གནོད་པ་ཆེས་ཆེ།
ཉེ་བའི་ལོ་འདི་འགར། ནད་པ་ཞའོ་ཁི་ལྟ་བུའི་གདོད་འབྱུང་རང་བཞིན་གྱི་ཟུར་འབྱེད་རིགས་ཀྱི་མིག་ནད་སྔོ་རུབ་བྱུང་བའི་ནད་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བརྒྱ་ཆའི་དགུ་ཅུ་ཡན་གྱི་ནད་པར་མིག་ནད་སྔོ་རུབ་གྱི་དཔེ་མཚོན་ནད་རྟགས་མེད་མོད། འོན་ཀྱང་མིག་ཤེད་ཇེ་ཞན་དུ་འགྲོ་བ་དང་མིག་ལ་ངལ་དུབ་འབྱུང་བ། གློག་འོད་ལ་བལྟས་ན་འཇའ་ཚོན་ལྟ་བུའི་མདོག་སྣ་ཚོགས་ཤར་བ། མགོ་ན་བ། གཉིད་མི་ཁུག་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱས་ཚེ་ད་གཟོད་རང་ཉིད་ལ་ནད་དེ་འབྱུང་བ་ཤེས་པ་རེད། དལ་བའི་རང་བཞིན་གྱི་ཟུར་གཏན་རིགས་ཀྱི་མིག་ནད་སྔོ་རུབ་དང་ཟུར་འབྱེད་རིགས་ཀྱི་མིག་ནད་སྔོ་རུབ་ཀྱི་དུས་སྔ་མའི་ནད་རྟགས་དེ་རང་ཉིད་ཀྱིས་མི་ཤེས་པས། ནམ་རྒྱུན་ལུས་པོར་རྒྱུན་སྲོལ་གྱི་ཞིབ་བཤེར་བྱེད་སྐབས་ཤེས་པ་ཡིན་པས། དེ་ལ་དོ་སྣང་བྱེད་དགོས།
དེར་བརྟེན། མིག་ནད་སྔོ་རུབ་སྔོན་འགོག་བྱེད་པར་ངེས་པར་དུ་སྔ་མོ་ནས་ཞིབ་བཤེར་དང་སྔ་མོ་ནས་ངོས་འཛིན། སྔ་མོ་ནས་གསོ་བཅོས་བཅས་བྱེད་དགོས།
གལ་ཏེ་མིག་ནད་སྔོ་རུབ་ལ་ངོས་འཛིན་བྱས་ཚེ། སྨན་བཅོས་བཟང་པོ་བྱས་ནས་མིག་ཤུགས་སྲུང་སྐྱོབ་བྱེད་དགོས། མིག་སྔར། སྨན་རྫས་དང་སྐུལ་འོད་གཤག་བཅོས་ཀྱི་བྱེད་ཐབས་སྤྱད་ན། མིག་ནད་སྔོ་རུབ་བྱུང་བའི་ནད་པ་མང་ཆེ་བ་ཞིག་གི་ནད་གཞི་ཚོད་འཛིན་ལེགས་པོ་བྱས་ནས། མིག་ཤུགས་སྲུང་འཛིན་བྱེད་ཐུབ། མིག་སྔའི་སྨན་བཅོས་ཆུ་ཚད་ལ་མཚོན་ནས་བཤད་ན། གལ་ཏེ་ནད་པས་སྨན་པར་གཞོགས་འདེགས་བྱས་ནས་སྨན་བཅོས་ལེགས་པོ་བྱས་ཚེ། མིག་ཤུགས་ཉམས་པ་སྔོན་འགོག་བྱེད་ཐུབ།
ཡིན་ནའང་། ཚང་མས་ངེས་པར་དུ་དུས་བཅད་ལྟར་ཁྲག་ཤེད་ལ་བརྟག་དཔྱད་བྱེད་པ་དང་འདྲ་བར་མིག་ནད་ཚན་ཁག་ཏུ་སོང་ནས་མིག་ལ་བརྟག་དཔྱད་བྱེད་དགོས། ལོ་བཞི་བཅུར་ཐོན་པའི་མི་ཚོགས་ཀྱིས་ལོ་གཉིས་ནས་གསུམ་གྱི་ནང་མིག་ལ་བརྟག་དཔྱད་ཐེངས་རེ་བྱེད་པ་དང་། ལོ་དྲུག་ཅུའི་རྗེས་སུ་ལོ་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས། མིག་ནད་སྔོ་རུབ་ཀྱི་ཁྱིམ་རྒྱུད་དང་ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད། རྒྱང་མཐོང་དང་ཉེ་མཐོང་། མིག་ནད་སྣ་ཚོགས། ལོ་ན་མཐོ་བ། ཡུན་རིང་པགས་རྫས་འདྲ་མཐུན་སྲ་ཕྲུན་སྐུལ་རྩི་ འཐུང་བ་སོགས་མིག་ནད་སྔོ་རུབ་ཀྱི་མི་ཚོགས་ཀྱིས། རབ་ཡིན་ན་ལོ་སོ་ལྔའི་རྗེས་སུ་ལོ་རེར་མིག་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་མིག་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། མུན་ནག་གི་ནང་ཡུན་རིང་འདུག་པ་དང་། ཡུན་རིང་མགོ་སྒུར་ནས་ལས་ཀ་ལས་པ། ཐང་ཆད་དྲག་པ། གཉིད་ཀྱིས་མི་འདང་བ། སེམས་ཁམས་ལ་གཡོ་འཁྱོམ་བྱུང་བ། བཟའ་བཏུང་གི་ཚོད་མི་ཟིན་པ། མིག་ལ་གནོད་པ་ཡོད་པའི་སྨན་བསྟེན་པ་སོགས་ལས་གཡོལ་ཅི་ཐུབ་བྱེད་དགོས།
ལོ་ཙཱ་བ།འབྲུག་མོ།