རྐང་ཚིགས་སྤར་བ་བཅོས་ཐབས།
2017.06.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 56

 གནས་སྐོར་ལ་འགྲོ་བ་དང་། ནང་སྒོས་སུ་རི་མགོར་འགོ་བ་དང་ཡར་ལྡིང་མར་ལྡིང་བྱེད་སྐབས། རྐང་བའི་ཚིགས་སྤར་སླ། དེ་ཐག་གཅོད་བྱས་པ་མ་འགྲིག་ཚེ། སོས་ཚད་དལ་ཞིང་འཚོ་བ་དང་བྱ་བར་གནོད་པ་བཟོ་བ་དང་། ཚིགས་སྤར་པ་ཚབས་ཆེ་ཚེ། རུས་ཚིགས་དང་ཕྲུམ་རུས་ལ་གནོད་པ་ཐེབས་ནས་རྨས་སྐྱོན་རང་བཞིན་གྱི་རུས་ཚིགས་གཉན་ཚད་སོགས་གནོད་པ་ཚབས་ཆེན་འབྱུང་སྲིད།

ཕྱི་རྟིང་མཐོ་བའི་ལྷམ་གྱོན་ན་རྐང་ཚིགས་སྤར་སླ།

རྐང་ཚིགས་སྤར་བ་དེ་ལ་གསོ་རིག་གི་སྟེང་ནས་ལོང་ཚིགས་སྤར་བ་ཟེར་ཞིང་། འགུལ་སྐྱོད་དང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཆེས་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ལ། དོ་སྣང་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཡིན། ལོང་ཚིགས་སྤར་སླ་བ་ནི་དེའི་གྲུབ་ཚུལ་གྱི་ཁྱད་ཆོས་དང་འབྲེལ་བ་ཆེན་པོ་ཡོད། འགུལ་སྐྱོད་དྲག་པོ་བྱེད་སྐབས་དང་བུད་མེད་ཚོས་ཕྱི་རྟིང་མཐོན་པོ་ཅན་གྱི་ལྷམ་གྱོན་ཏེ་ཐེམ་སྐས་ནས་མར་འབབ་སྐབས། རྐང་བའི་ཚིགས་སྤར་སླ། རྐང་ཚིགས་སྤར་རྗེས་མྱུར་དུ་འགུལ་སྐྱོད་བྱེད་མཚམས་འཇོག་དགོས་པར་མ་ཟད། དེའི་ཚབས་ཆེ་ཆུང་ལ་བལྟ་ཞིབ་བྱེད་དགོས། གལ་ཏེ་ཚིགས་སྤར་རྗེས་རྐང་བ་འགུལ་ཐུབ་པ་དང་། སྐྲངས་བ་དང་ན་ཟུག་མངོན་གསལ་མིན་ཚེ། ཚིགས་སྤར་བ་ཡང་མོ་ཡིན་པས་རང་གིས་ཐག་གཅོད་བྱེད་ཆོག ཐག་གཅོད་བྱེད་སྐབས་མཉམ་འཇོག་དགོས་པ་ཞིག་ནི། ཚིགས་སྤར་བའི་གནས་དེར་གནོན་འཕུར་སོགས་གཏན་ནས་བྱེད་མི་རུང་ལ། ཚིགས་སྤར་མ་ཐག་མྱུར་དུ་བྱུགས་སྨན་ཧོང་ཧྭ་ཡུག(红花油)གམ་ཡང་ན་ཡུན་ནན་པེ་ཡོ( 云南白药)སོགས་བྱུགས་པ་དང་། སྦྱོར་སྨན་སྦྱར་བ་སོགས་བྱས་ནའང་མི་འགྲིག་པ་ཡིན། ཡང་དག་པའི་བྱེད་ཐབས་ནི་ངལ་གསོ་བྱེད་པ་དང་གྲང་དུགས་སོགས་བྱེད་དགོས། ཐོག་མར་རྐང་ཚིགས་སྤར་བ་ཚབས་ཆེ་ཆུང་གང་ཡིན་རུང་། མྱུར་དུ་འགུལ་སྐྱོད་བྱེད་མཚམས་འཇོག་དགོས་པར་མ་ཟད། ཡར་མར་ལ་སོང་ནས་ཚིགས་སྤར་བའི་གནས་ཀྱི་གནོན་ཤུགས་ཇེ་ལྗིད་དུ་མི་གཏོང་བ་བྱེད་དགོས། དེ་ནས་ཚིགས་སྤར་རྗེས་ཀྱི་དུས་ཚོད་ཞེ་བརྒྱད་ཀྱི་ནང་ཚིགས་སྤར་སར་གྲང་དུགས་བྱེད་པའམ་ཡང་ན་ཆུ་འཁྱག་གི་ནང་དུ་རྐང་བ་འཇོག་དགོས། དེ་མིན་ད་རུང་ལག་ཕྱིས་ནང་དུ་འཁྱགས་དར་བཞག་ནས་རུས་ཚིགས་སྐྲངས་སར་བརླན་ནས། ཐེངས་རེར་དུས་ཚོད་སྐར་མ་སུམ་ཅུར་འཇོག་པ་དང་། དུས་ཚོད་གསུམ་ནས་བཞི་རེའི་བར་དུ་ཐེངས་རེ་བྱེད་དགོས། གསུམ་ནས་ཚིགས་སྤར་རྗེས་ཀྱི་ཉིན་ལྔ་ནས་ཉིན་བདུན་གྱི་ནང་། རྨ་རས་ཀྱིས་བསྡམས་དགོས། མཇུག་ཏུ་རྐང་པ་མཐོན་པོར་བཀྱགས་ནས་བསྡད་ན་སྐྲངས་བ་དང་ན་ཟུག་ཇེ་ཡང་དུ་གཏོང་བར་ཕན་པ་ཡིན།

གལ་ཏེ་ཚིགས་སྤར་བའི་ཉིན་དེར་རྐང་བ་སྐྲངས་ཞིང་ན་ཟུག་ལངས་བ་མངོན་གསལ་མིན་པ་དང་། ཉིན་གཅིག་འགོར་རྗེས་སྐྲངས་བ་དང་ན་ཟུག་ལངས་ནས་ཡར་ལངས་མི་ཐུབ་ཚེ། རྐང་པའི་རྒྱུས་པར་གནོད་པ་བཏང་བ་ཡིན་པས། དེའི་ཚབས་ཆེ་ཆུང་ལ་བལྟས་ནས་སྨན་ཁང་ལ་འགྲོ་དགོས་མིན་ཐག་གཅོད་དགོས།

རྐང་ཚིགས་སྤར་རྗེས་རྐང་བ་མྱུར་དུ་སྐྲངས་བར་མ་ཟད། འགུལ་སྐྱོད་བྱེད་མི་ཐུབ་པ་དང་ན་ཟུག་ཆེན་པོ་ལངས་ཚེ། རྒྱུས་པར་གནོད་པ་ཚབས་ཆེན་ཐེབས་པ་དང་། རུས་པར་ཆག་སྐྱོན་བྱུང་བའམ་ཡང་ན་རུས་ཚིགས་ཤོར་བ་ཡིན་པས། མགྱོགས་མྱུར་དུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས།
སྤྱིར་བཏང་དུXགློག་པར་གྱིས་བརྟག་དཔྱད་བྱས་ནས་རུས་ཚིགས་ལ་ཆག་སྐྱོན་བྱུང་ཡོད་མེད་ལ་བལྟ་དགོས་ལ། གལ་ཏེ་རུས་པར་ཆག་སྐྱོན་བྱུང་མེད་ཚེ་འགུལ་སྐྱོད་བྱེད་མཚམས་བཞག་ནས་ངལ་གསོ་བ་དང་གྲང་དུགས་བྱེད་པ་དང་། རུས་པར་ཆག་སྐྱོན་བྱུང་ཡོད་ཚེ་རྨ་རས་ཀྱིས་བསྡམས་ནས་འགུལ་སྐྱོད་བྱེད་མཚམས་བཞག་ཏེ། གཟའ་འཁོར་བཞི་འགོར་རྗེས་ད་གཟོད་རུས་ཚིགས་སླར་གསོ་བྱེད་པའི་སྦྱོང་བརྡར་འོས་འཚམ་བྱེད་དགོས།


ལོ་ཙཱ་བ།འབྲུག་མོ།