འོ་མ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བདེ་ཐང་གི་བཏུང་བྱ་ཞིག་ཡིན། ཡིན་ནའང་། ཨོ་གླིང་དང་མེ་གླིང་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་མི་རྣམས་ཀྱིས་འོ་མ་འཐུང་ཚད་དེ་ཚད་གཞིར་བསླེབས་ཐུབ་ཀྱིན་མེད་པ་རེད། དེའི་ནང་འོ་མའི་མངར་ཆ་མི་འདང་བ་ནི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།
འོ་མའི་མངར་ཆས་མ་འདང་ཚེ་འོ་མ་མང་དུ་འཐུང་དགོས།
ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཚོ་བཅུད་དང་བདེ་ཐང་སའོ་ཡི་ཞིབ་འཇུག་པ་ཧི་ལིས་ཀྱིས་བཤད་རྒྱུར། ཅི་ཞིག་ལ་འོ་མའི་མངར་ཆ་མི་འདང་བ་ཟེར་བ་དང་། མི་རྣམས་ལ་འོ་མའི་མངར་ཆ་མི་འདང་བའི་རྒྱུ་རྐྱེན་ཅི་ཡིན་ཟེར་ན། འོ་མའི་མངར་ཆའི་ནང་གི་མེས་ཟེར་བའི་རྫས་དེས་མི་འདང་བའི་གནས་ཚུལ་འོག འོ་མའི་མངར་ཆ་དེ་མ་ཞུ་བར་རྒྱུ་ལམ་དུ་ལུས་སྟེ། གསུས་པ་སྦོས་པ་དང་འཁྲོག་སྒྲ་གྲགས་པ། ན་ཟུག་ལངས་བ་སོགས་བྱེད་སྲིད། འོ་མའི་མངར་ཆ་མང་དྲགས་པ་དེས་ད་རུང་གསུས་པ་བཤལ་ཏུ་འཇུག་སྲིད། མི་ལ་ལར་དགག་སྒྲེག་རྒྱག་པ་དང་སྐྱུགས་མེར་ལངས་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་སྲིད། གོང་གི་སྣང་ཚུལ་དེ་རིགས་ལ་འོ་མའི་མངར་ཆས་མ་འདང་བ་ཟེར།
འོ་མའི་མངར་ཆས་མ་འདང་བའི་མངོན་རྟགས་ལ་ཁྱད་པར་ཆེན་པོ་ཡོད། ཡིན་ནའང་། འོ་མའི་ཐོན་རྫས་ནི་ཆེས་བཟང་བའི་ཟས་རིགས་ཤིག་ཡིན་ཞིང་། དེས་ལུས་ཕུང་ལ་མཁོ་བའི་ཀལ་མང་པོ་འདོན་སྤྲོད་བྱེད་ཐུབ། གལ་ཏེ་བྱིས་པས་འོ་མ་མ་འཐུང་ཚེ། སྟོད་སྒུར་ནད་འབྱུང་བ་དང་། ལོ་ལོན་ཚོས་འོ་མ་མ་འཐུང་ན་རུས་སོབ་ཀྱི་ནད་སོགས་མི་ལེགས་པའི་ནད་རྟགས་མང་པོ་འབྱུང་བར་བྱེད་སྲིད། དེ་བས་འོ་མའི་མངར་ཆས་མ་འདང་བའི་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་ཟེར་ན།
དེ་ལ་བྱེད་ཐབས་མང་པོ་ཡོད་དེ། དཔེར་ན། འོ་མ་འཐུང་བའི་ཐེངས་གྲངས་ཇེ་མང་དུ་བཏང་སྟེ། འཐུང་སྐབས་ཉུང་ཉུང་བྱས་ནས་འཐུང་དགོས། དེ་ལྟར་བྱས་ཚེ་འོ་མའི་མངར་ཆའི་ནང་གི་མེས་ཟེར་བའི་རྫས་དེ་ཇེ་མང་དུ་བསྐྱེད་ཐུབ་པས། འོ་མའི་མངར་ཆས་མི་འདང་བ་ལས་བཟོས་པའི་གནད་དོན་སེལ་ཐུབ།
འོ་མ་འཐུང་སྟངས་ཐད་བཟུང་བའི་ནོར་འཁྲུལ་གྱི་བསམ་བློ་འགའ།
ཟས་རིགས་དང་འཚོ་བཅུད་ཆ་འཕྲིན་བརྗེ་རེས་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཀྲུང་ཁེ་ཡིས་བཤད་རྒྱུར། འོ་མ་འཐུང་བའི་ཐད་ལ་མི་མང་པོ་ཞིག་གིས་ནོར་འཁྲུལ་གྱི་བསམ་བློ་བཟུང་ཡོད།
གཅིག འབུ་ཕྲ་སེལ་བའི་འོ་མར་འཚོ་བཅུད་མེད་པར་སྙམ་པ།
གཉིས། བཞོས་མ་ཐག་པའི་འོ་མར་འཚོ་བཅུད་ཕུན་སུམ་ཚོགས་ཤིང་བདེ་ཐང་ལ་ཕན་ པར་སྙམ་པ། སྤྱིར་བཏང་དུ་བཞོས་མ་ཐག་པའི་འོ་མའི་འབུ་ཕྲ་སེལ་མེད་པས། ནད་འབུ་བསྐྱེད་སླ།
གསུམ། ལྷད་མེད་འོ་མར་འཚོ་བཅུད་དེ་བས་ཆེན་པོ་ལྡན་ཞིང་བདེ་ཐང་ལ་ཕན་པར་སྙམ་པ། ཞིབ་འཇུག་ལས་མངོན་པ་ལྟར་ན། ལྷད་ཡོད་མེད་ཀྱི་འོ་མ་ལ་འཚོ་བཅུད་ཀྱི་སྟེང་ནས་དེ་ལ་མངོན་གསལ་གྱི་ཁྱད་པར་ཆེན་པོ་མེད།
བཞི། འོ་མའི་ནང་སིལ་ཁུ་བླུགས་ཚེ་འཇུ་དཀའ་བར་སྙམ་པ།
ལྔ། འོ་མས་སྐྲན་ནད་བསྐྱེད་པར་འདོད་པ། སྤྱིར་བཏང་དུ་འོ་མས་སྐྲན་ནད་སློང་མི་སྲིད།
དྲུག འོ་མ་འཐུང་ཚེ་དེ་ལས་ལྡོག་སྟེ་ཀལ་མི་འདང་བར་བྱེད་པར་འདོད་པ། ཨོ་གླིང་དང་མེ་གླིང་གི་མི་ལ་རུས་སོབ་ཀྱི་ནད་དང་ཀལ་མི་འདང་བ་དེ་ནི་ས་གཤིས་དང་ལུས་ཚོ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་དང་འབྲེལ་བ་ཡོད་པས། འོ་མ་འཐུང་བར་འབྲེལ་བ་མེད་པ་རེད།
བདུན། ལྟོ་སྟོང་དུ་འོ་མ་འཐུང་ན་བདེ་ཐང་ལ་གནོད་པ་ཡོད་པར་འདོད་པ།
སྤྱིར་བཏང་དུ་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར། རང་ཉིད་ལ་འཚམ་པའི་འོ་མ་འཐུང་རྒྱུ་ནི་ཆེས་བདེ་ཐང་ཡིན།
སྐམ་དམག་སྤྱིའི་སྨན་ཁང་གི་མཐོ་རིམ་འཚོ་བཅུད་མཁས་པ་ཡུས་རིན་བུན་གྱིས་བཤད་རྒྱུར། ནམ་རྒྱུན་ང་ཚོས་འོ་མའི་མངར་ཆ་མི་འདུས་པའི་འོ་མ་འཐུང་ན་ཆོག་པ་དང་། མི་ལ་ལས་འོ་མ་འཐུང་རྒྱུར་མི་དགའ་བས། དེ་ཅི་ལྟར་བྱེད་དགོས་ཟེར་ན། སྐྱུར་བསྙལ་སྐབས་འོ་མ་བླུགས་ནས་གོ་རེ་དང་སྤྲི་གོར་སོགས་ལས་ནས་ཟོས་ཚེ། འོ་མའི་མངར་ཆ་ལས་བཟོས་པའི་གནད་དོན་ཐག་གཅོད་བྱེད་ཐུབ་ལ། ལྷག་པར་དུ་ཕོ་བའི་འཇུ་སྟོབས་མི་ལེགས་པའི་མི་ལ་ཕན་པ་ཡིན་ཟེར།
ལོ་ཙཱ་བ།འབྲུག་མོ།