འཚོ་བཅུད་མ་འདང་བ་དང་འཚོ་བཅུད་མང་དྲགས་པ་ལས་བྱུང་བའི་ལྟོགས་སྣང་དེ་སྣང་མེད་དུ་འཇོག་མི་རུང་།
2017.07.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

 མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་དཔྱད་གཞིའི་ཡིག་རིགས་ལྟར་ན། འཛམ་གླིང་ཡོངས་སུ་ཧ་ལམ་མི་དུང་ཕྱུར་ཉི་ཤུ་འཚོ་བཅུད་མ་འདང་བ་དང་ཡང་ན་འཚོ་བཅུད་མང་དྲག་པ་ལས་བྱུང་བའི་ལྟོགས་སྣང་གི་ཁྲོད་གནས་ཡོད་ལ། ཀྲུང་གོར་སྣང་ཚུལ་དེའི་རིགས་ཀྱི་མི་གྲངས་དུང་ཕྱུར་གསུམ་ལ་བསླེབས་ཡོད་པ་དེ། མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོབ་ཐད་གནས་པའི་འགྲན་རྩོད་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཀྲུང་གོའི་བདེ་ཐང་ཤེས་བྱ་བརྒྱུད་སྒྲོག་སྐུལ་སློང་འཆར་གཞིའི་ལས་གཞི་དེ་ད་ལོར་མགོ་བརྩམས་པ་དང་། དམིགས་ཡུལ་ནི་སྤྱི་དམངས་ཀྱིས་ཁྱོན་ཡོངས་ནས་འཚོ་བཅུད་ལྡན་པའི་ཟས་རིགས་མང་དུ་བསྟེན་ནས། མཉམ་དུ་འཚོ་བཅུད་མ་འདང་བའི་ལྟོགས་སྣང་སེལ་རྒྱུ་དེ་རེད། ལས་གཞི་དེ་ནི་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་རིམས་ནད་སྔོན་འགོག་ཚོད་འཛིན་ཅུའུ་དང་དྲིལ་སྒྲོག་ཟི། ཀྲུང་གོ་བདེ་ཐང་སློབ་གསོའི་ལྟེ་གནས། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་བྱ་བ་སྒྲུབ་མཁན་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་མགོ་བརྩམས་ཏེ། ཧོས་རོས་བདེ་ཐང་སྨན་རྫས་པུའུ་དང་མཉམ་དུ་སྒྲུབ་པ་རེད།

འཚོ་བཅུད་མ་འདང་བ་ལས་བྱུང་བའི་ལྟོགས་སྣང་དེས་སྐྲན་ནད་སློང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཚོ་བཅུད་བདེ་ཐང་སའོ་ཡི་སའོ་ཀྲང་ཏེན་ཀང་ཆང་གིས་བཤད་རྒྱུར། ཟས་བཅུད་མ་འདང་བ་ལས་བཟོས་པའི་ལྟོགས་སྣང་དེས་སྐྲན་ནད་དང་གཅིན་སྙི་ཟ་ཁུའི་ནད། སྙིང་ཁམས་ཁྲག་རྩའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་བསྐྱེད་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད་པས། སྤྱི་ཚོགས་ཡོངས་ཀྱིས་ཁྱོན་ཡོངས་ནས་འཚོ་བཅུད་ལེགས་པའི་ཟས་རིགས་བསྟེན་པར་དོ་སྣང་དང་། ཟས་རིགས་སྣ་མང་བསྟེན་པའི་གོམས་སྲོལ་ལེགས་པོ་ཆགས་པར་བྱེད་དགོས་ཟེར།

འཚོ་བཅུད་མ་འདང་བ་ལས་བཟོས་པའི་ལྟོགས་སྣང་ནི་འཚོ་བཅུད་དོ་མཉམ་མིན་པའམ་ཡང་ན་འཚོ་རྒྱུ་བེ་ཧྲིན་སུའུ་དང་དེ་མིན་མིའི་ལུས་ཕུང་ལ་ངེས་པར་དུ་མཁོ་བའི་གཏེར་རྒྱུ་མ་འདང་བ་ལས་བྱུང་བ་ཞིག་རེད། 2016ལོར། ཀྲུང་གོའི་འཚོ་བཅུད་སློབ་ཚོགས་ཀྱིས་ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན་གསར་བའི་རྨང་གཞིའི་སྟེང་ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་བསྟེན་ཚུལ་གསར་བ་འགྲེམ་སྤེལ་བྱས་ཏེ། ཉིན་རྒྱུན་གྱི་བཟའ་བཏུང་བསྟེན་ཚུལ་ཐད་བདེ་ཐང་ལུགས་མཐུན་གྱི་ཚད་གཞི་གསལ་བོ་ཡོད་པར་བྱས་ཤིང་། དེས་མི་རྣམས་ཀྱིས་ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པའི་གོམས་སྲོལ་ཆགས་པར་རོགས་རམ་དང་དལ་བའི་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་པར་སྐུལ་འདེད་བྱེད་ཐུབ།

ཉིན་རེར་ཟས་སྣ་བཅུ་གཉིས་ཟ་དགོས།

ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཚོ་བཅུད་བདེ་ཐང་སའོ་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ཧི་ལིས་ཀྱིས་བཤད་རྒྱུར། ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ་ནི་བདེ་ཐང་གི་རྨང་གཞི་ཡིན་པས། བྱ་བར་བྲེལ་བ་ཆེ་བའི་དབང་གིས་ནངས་ཇའམ་གུང་ཇ་མི་འཐུང་བ་བྱེད་མི་རུང་བ་དང་། ཡང་ན་ཚོ་བྱང་དུ་འཇུག་པའི་ཆེད་དུ་སྔོ་ཚོད་དང་སིལ་ཏོག་ཁོ་ན་ཟོས་ཏེ་བྱེའི་རིགས་དང་ཤའི་རིགས་མི་ཟ་བ་བྱེད་མི་རུང་། ཡུན་རིང་དེ་ལྟར་བྱས་ཚེ་འཚོ་བཅུད་ཀྱིས་མི་འདང་བ་དང་། རྒས་སླ་བ། ཀླད་པ་མི་གསལ་བ། དེ་མིན་གཅིན་སྙི་ཟ་ཁུའི་ནད་འབྱུང་བ་སོགས་མཇུག་འབྲས་ངན་པ་བཟོ་སྲིད་ཟེར།

ཟས་རིགས་སྣ་མང་ཅན་ནི་འཚོ་བཅུད་ཁ་གསབ་བྱེད་པའི་གནད་འགག་ཡིན། ཆ་སྙོམས་ཉིན་རེར་ཟས་སྣ་བཅུ་གཉིས་ཡན་ཟ་དགོས་ལ། གཟའ་འཁོར་རེར་ཟས་སྣ་ཉེར་ལྔའི་ཡན་ཟ་དགོས། སིལ་ཏོག་དང་སྔོ་ཚོད་ཟོས་ཚེ་ཕོ་རྒྱུའི་ནུས་པ་སྲུང་འཛིན་དང་། ནད་འགོག་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དལ་བའི་རང་བཞིན་གྱི་ནད་རིགས་བསྐྱེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་བར་ཕན་ནུས་ཆེན་པོ་ལྡན་པས། ཟས་ཐུན་རེ་རེར་སིལ་ཏོག་དང་སྔོ་ཚོད་ཟོས་ན་ལེགས།
ཉ་ཤ་དང་བྱ་ཤ། བྱ་སྒོང་། ཚིལ་མེད་པའི་ཤ་བཅས་འོས་འཚམ་ཟ་དགོས། ཤའི་རིགས་ལས་ཉ་ཤ་དང་བྱ་ཤའི་རིགས་ཟོས་ན་བཟང་། ཤ་ཚོན་པོ་དང་། དུད་བདུག་བྱས་ནས་བསྲེགས་པའི་ཤ། བསྙལ་བའི་ཤ་སོགས་ཉུང་ཉུང་ཟ་བའམ་ཡང་ན་མི་ཟ་བ་བྱེད་དགོས། འཚོ་རྒྱུ་བེ་ཧྲིན་སུའུ་ནི་ལུས་པོར་ཆེས་མཁོ་བའི་སྐྱེ་ལྡན་གྱི་དངོས་རྫས་ཤིག་ཡིན་ལ། ལུས་ཕུང་བདེ་ཐང་སྲུང་འཛིན་བྱེད་པའི་དངོས་རྫས་གལ་ཆེན་ཞིག་ཀྱང་ཡིན། ཟས་རིགས་ཀྱིས་མིའི་ལུས་པོར་མཁོ་བའི་འཚོ་རྒྱུ་སྣ་ཚོགས་མཁོ་འདོན་བྱེད་མི་ཐུབ་ཚེ། འཚོ་བཅུད་ཁ་གསབ་རྫས་འོས་འཚམ་བསྟེན་ཆོག

བྱིས་པའི་ལུས་ཚོ་བ་དེ་ཡང་འཚོ་བཅུད་མ་འདང་བ་ལས་བཟོས་པ་རེད།

ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཚོ་བཅུད་བདེ་ཐང་སའོ་སློབ་མའི་འཚོ་བཅུད་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཆན་གྱིས་བཤད་རྒྱུར། མིག་སྔར་རང་རྒྱལ་དུ་བྱིས་པའི་ལུས་ཚོ་བའི་གནད་དོན་དེ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད། དོན་དངོས་སྟེང་ལུས་ཚོ་བ་དེ་ཡང་འཚོ་བཅུད་མི་འདང་བའི་མངོན་རྟགས་ཤིག་ཡིན་ལ། ལུས་ཚོ་བའི་བྱིས་པའི་འཚོ་བཅུད་དོ་མཉམ་མིན་པའི་གནད་དོན་དེ་ཡང་ཧ་ཅང་ཚབས་ཆེ། ལུས་ཚོ་བའི་བྱིས་པའི་བཟའ་བཏུང་བསྟེན་ཚུལ་མི་ལེགས་པ་སྟེ། ནམ་རྒྱུན་ཚ་ཚད་མཐོ་བ་དང་སྣུམ་ཞག་ཆེ་བའི་ཟས་རིགས་མང་དུ་བསྟེན་པ་དང་། སྔོ་ཚོད་དང་སིལ་ཏོག་མི་ཟ་བ། དེའི་ཁར་ལུས་ཕུང་སྦྱོང་བརྡར་མི་བྱེད་པ་བཅས་ཀྱིས་འཚོ་བཅུད་མི་འདང་བའི་གནད་དོན་བཟོས་པ་རེད།

ལོ་ཚོད་མི་འདྲ་བའི་བྱིས་པར་འཚོ་བཅུད་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས། དཔེར་ན། བཙས་མ་ཐག་པའི་བྱིས་པ་ནས་ཟླ་དྲུག་ལོན་པའི་བྱིས་པར་ཨ་མའི་ནུ་མ་བསྣུན་པའི་ཞོར་དུ་འཚོ་རྒྱུ་བེ་ཧྲིན་སུའུDདངKའོས་འཚམ་སྒོས་ཁ་གསབ་བྱེད་པ་དང་། ཟླ་བདུན་ནས་ཟླ་ཉེར་བཞི་འགོར་བའི་བྱིས་པར་ཨ་མའི་ནུ་མ་བསྣུན་པའི་རྨང་གཞིའི་སྟེང་། འོས་འཚམ་སྒོས་ཞོར་ཟས་ཁ་སྣོན་བྱས་ཏེ། རིམ་བཞིན་ཟས་སྣ་ཇེ་མང་དུ་གཏོང་དགོས། ལོ་གཉིས་ནས་ལོ་དྲུག་ལོན་པའི་བྱིས་པར་ཟས་རིགས་འདང་ཚིམ་པ་ཁག་ཐེག་བྱེད་པའི་དུས་མཚུངས་སུ། ཉིན་རེར་འོ་མ་དང་ཆུ་འདང་ཚིམ་པ་འཐུང་བ་རྒྱུན་འཁྱོངས་བྱེད་དགོས། ལོ་དྲུག་ནས་ལོ་བཅུ་བདུན་ལོན་པའི་བྱིས་པར་ཀལ་དང་ལྕགས། འཚོ་རྒྱུ་བེ་ཧྲིན་སུའུ་སོགས་འདུས་པའི་ཟས་རིགས་བསྟེན་དགོས་པར་མ་ཟད། ལུས་ཀྱི་ལྗིད་ཚད་ཅུང་ཙམ་ཡར་འཕར་བ་སྲུང་འཛིན་བྱེད་དགོས། ནམ་རྒྱུན་བྱིས་པ་ཚང་མ་སྒོ་ཕྱིར་སོང་ནས་འགུལ་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ལོ་དྲུག་ཡན་གྱི་བྱིས་པ་ཉིན་རེར་ཉུང་མཐར་ཡང་དུས་ཚོད་གཅིག་ལ་སྒོ་ཕྱི་ནས་འགུལ་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

རྩོམ་སྒྲིག་པ། འབྲུག་མོ།