བྱིས་པར་གཉིད་འགུག་ཐབས།
2017.07.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 62

  བྱིས་པ་ལ་ལར་དགོང་མོར་གཉིད་མི་འབབ་པ་དང་གཉིད་མི་བདེ་བའི་སྣང་ཚུང་བྱུང་སྟེ་ནམ་གུང་ཡང་ཡང་ངུས་ནས་མི་གཉིད་པས་ཕ་མ་དང་བྱིས་པ་གཉིས་ཀས་དཀའ་ལས་གང་མང་མྱངས་བཞིན་ཡོད། ཉེ་ཆར་ཆེད་མཁས་པས་དེའི་ཕྱོགས་ནས་ཚན་རིག་དང་མཐུན་པའི་མཛུབ་སྟོན་བྱས་ཡོད་དེ།

 གཅིག  མཚན་མོར་བྱིས་པའི་གཉིད་མི་བདེ་བ་ནི་སྤྱོད་ལམ་གྱིས་བསླངས་པ་རེད།

  བྱིས་པ་དང་བྱིས་པ་རློན་ནུའི་བློ་འདྲིའི་ཕྱོགས་ཀྱི་ཆེད་མཁས་པ་བང་ཧྲི་ཡུན་ཡོས་ཀྱིས་བཤད་རྒྱུར། ཞིབ་འཇུག་བྱས་པ་ལས། རང་རྒྱལ་གྱི་ལོ་ལྔ་མན་གྱི་བྱིས་པའི་གཉིད་མི་བདེ་བའི་གནད་དོན་དེ་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དྲུག་བདུན་ཡིན་པ་དང་། ཧྲང་ཧེ་གྲོང་ཁྱེར་ལ་མཚོན་ན། ལོ་གཉིས་མན་གྱི་བྱིས་པའི་གཉིད་མི་བདེ་བའི་གནད་དོན་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་དགུ་རེད།

དེའི་མངོན་རྟགས་ལ་མཚན་མོར་གཉིད་མི་ཁུག་པ་དང་གཉིད་མི་བདེ་བ། ཡང་ཡང་སད་པ་དང་། སད་སྔ་བ་སོགས་འབྱུང་། དོ་སྣང་བྱེད་དགོས་པ་ཞིག་ནི། ན་ལུགས་རང་བཞིན་གྱིས་གཉིད་མི་ཐུབ་པའང་འགའ་རེ་ཡོད་མོད། མང་ཆེ་བ་སྤྱོད་ལམ་གྱིས་བསླངས་པ་རེད་ཟེར།

  མཚན་མོ་རེ་རེར་བྱིས་པ་ངུས་ཚེ་ཡར་ལངས་ནས་བྱིས་པ་པང་དུ་བླངས་ཏེ་ནུ་མ་བསྣུན་པ་སོགས་བྱས་ནས་དུས་ཚོད་གཅིག་གཉིས་ཙམ་ལ་གཉིད་མི་ཐུབ་པ་དང་། དེ་ནས་ཅུང་ཙམ་གཉིད་རྗེས་ཡང་སད་ནས་ངུ་བ་སོགས་ཉིན་མཚན་གྱི་གོ་ལྡོག་བཞིན་ཡོད་པས། བྱིས་པ་བཙས་རྗེས་ང་གཉིད་སྐྱིད་པོ་ཞིག་ལོག་མ་མྱོངཞེས་མཚན་མོར་གཉིད་མི་ཐུབ་པའི་བྱིས་པའི་ཕ་མ་མང་པོ་ཞིག་ལ་འདི་ལྟ་བུའི་མྱོང་ཚོར་ཟབ་མོ་ཡོད་པ་རེད་ཟེར།

  རྒྱལ་སྤྱིའི་བུད་མེད་དང་བྱིས་པའི་བདེ་ཐང་མཐུན་ཚོགས་ཀྱིས་བརྟག་དཔྱད་ལས་ཤེས་པ་ལྟར་ན། ལོ་གསུམ་མན་གྱི་བྱིས་པའི་ཁྱིམ་ཚང་གི་ཁྲོད་དུ། ཧ་ལམ་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་བདུན་ཙམ་གྱི་བུད་མེད་ཚོའི་བསམ་པར་བྱིས་པ་གཉོར་ན་ཆེས་ཐང་ཆད་པ་ནི་མཚན་མོར་ཡང་ཡང་ཡར་ལངས་ནས་གཉིད་མི་ཐུབ་པ་དེ་རེད་ཟེར། གཉིད་ནི་བྱིས་པ་འཚར་ལོངས་འབྱུང་བར་འབྲེལ་བ་གལ་ཆེན་ཡོད་པས། བྱིས་པ་མཚན་མོར་གཉིད་བཟང་པོར་ལོག་མི་ཐུབ་པ་དང་གཉིད་ཀྱིས་མ་འདང་ན། བྱིས་པ་ལག་ཆགས་དལ་བ་དང་། རིག་སྟོབས་དང་དྲན་ཤེས་སོགས་ལ་གནོད་པ་ཐེབས་སྲིད་པར་མ་ཟད། ད་དུང་དེ་དང་བསྡོངས་ནས་འདུག་མི་ཐུབ་པ་དང་འགུལ་རྒྱུར་དགའ་བ། རང་གཅུན་མི་ཐུབ་པ། རྣམ་ཤེས་སྒྲིམ་མི་ཐུབ་པ་སོགས་འབྱུང་། དེ་བས་བྱིས་པ་གཉིད་བཟང་པོ་ལོག་པར་ཁྱིམ་བདག་གིས་བྱེད་ཐབས་སྣ་ཚོགས་འཐེན་ནས་རོགས་རམ་བྱེད་དགོས། 

 གཉིས། སྤྱོད་ལམ་གྱི་གོམས་གཤིས་དང་སྐྱེ་ལུགས་ཀྱི་ཆོས་ཉིད་ལྟར་བཅོས་དགོས།

འཛམ་གླིང་གི་བྱིས་པ་དང་བྱིས་པ་རློན་ནུའི་གཉིད་འགུག་རིག་ཚན་གསར་གཏོད་མཁན། ཨ་མེ་རི་ཁའི་པོ་ཧྲི་ཏུང་བྱིས་པའི་སྨན་ཁང་གིབྱིས་པའི་གཉིད་བགེགས་ལྟེ་གནསཀྱི་གསར་གཏོད་པ་ལེ་ཁྲ་ཏི་ཧྥ་པོ་ཡིས་བཤད་རྒྱུར། ཁྱིམ་ཚང་རེ་རེའི་བྱིས་པའི་གཉོར་སྐྱོང་འདུ་ཤེས་དང་དངོས་ཡོད་གནས་ཚུལ་ལ་དམིགས་ནས། སྤྱོད་ལམ་གྱི་གོམས་གཤིས་དང་སྐྱེ་ལུགས་ཀྱི་ཆོས་ཉིད་ལྟར། བྱིས་པའི་གཉིད་ཀྱི་གནད་དོན་ལ་སྤྱོད་ལམ་གྱི་སྟེང་ནས་བཅོས་དགོས་ཟེར། དཔེར་ན། བྱིས་པ་མ་གཉིད་པའི་སྔོན་ལ། གཉིད་འགུགས་ཀྱི་གླུ་ལེན་པའམ་ཡང་ན་གནའ་གཏམ་བཤད་པ་སོགས་བྱེད་དགོས་པ་ལྟ་བུ་རེད།

  གསུམ། ཕ་མས་བྱིས་པ་གཉིད་པའི་གོམས་གཤིས་བཟང་པོ་ཆགས་པར་རོགས་རམ་བྱེད་དགོས།

1.བྱིས་པའི་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་དུ་མ་བཅུག་པར། བྱིས་པ་ལ་ལ་ཕྱི་དྲོར་དུས་ཚོད་རིང་པོར་གཉིད་པའི་མི་ལེགས་པའི་གོམས་གཤིས་ཡོ་བསྲང་བྱས་ནས། ཉིན་དཀར་ཅུང་ཙམ་གཉིད་པ་དང་མཚན་མོར་གཉིད་མང་པོ་ལོག་པའི་གོམས་གཤིས་ཆགས་སུ་འཇུག་དགོས། 

  2.མཚན་མོར་བྱིས་པར་ལྷིང་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཏེ། ཁང་བའི་ནང་གི་དྲོད་ཚད་རན་པ་དང་གློག་འོད་མི་རྒྱག་པ་སོགས་གཉིད་ཐུབ་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས།

3.བྱིས་པ་ངུ་བའི་སྐབས་སུ་དེ་མ་ཐག་པང་དུ་ལེན་པ་སོགས་མི་བྱེད་པར། བྱིས་པར་ཕ་མ་གམ་དུ་ཡོད་པའི་བརྡ་བསྟན་ནས་ཅུང་ཙམ་འཇོག་པ་སོགས་ཀྱི་ཐབས་སྤྱད་དེ་བྱིས་པ་རང་ཤུགས་སུ་གཉིད་པའི་གོམས་གཤིས་ཆགས་སུ་འཇུག་དགོས། དེ་ལྟར་མིན་པར་བྱིས་པ་ངུ་མ་ཐག་པང་དུ་བླངས་ནས་ཡར་མར་ལ་འཁྱེར་ཏེ་ངུ་ཁ་གཅོད་པ་སོགས་བྱས་ན་ཕན་པ་ཅི་ཡང་འབྱུང་མི་ཐུབ་པར་དེ་ལས་ལྡོག་སྟེ་མཚན་མོར་གཉིད་མི་ཐུབ་པའི་གོམས་གཤིས་ངན་པར་ལོབས་སྲིད།

4.ཆོས་ཉིད་ཡོད་པའི་སྒོ་ནས་གཉིད་པའི་རྒྱུན་སྐྱོང་དགོས། བྱིས་པ་གཉིད་རན་པའི་དུས་སུ། རྒྱུན་པར་གོང་གི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གཉིད་སྐྱིད་པོ་ལོག་ཏུ་འཇུག་དགོས་ལ། གཉིད་པའི་སྐབས་སུ་ངུ་བ་ནི་མི་ལེགས་པའི་བྱ་སྤྱོད་ཡིན་པ་བྱིས་པར་ངོས་ཟིན་དུ་འཇུག་དགོས།  

ལོ་ཙཱ་བ། འབྲུག་མོ།