ཟས་དུག་ཕོག་པ་ནི་འབུ་ཕྲའམ་འབུ་ཕྲའི་དུག་རྒྱུའི་འབག་བཙོག་ཐེབས་པའི་ཟས་རིགས་ཀྱིས་བསླངས་བའི་མྱུར་བའི་དུག་ཕོག་རང་བཞིན་གྱི་ནད་ཅིག་ཡིན། འབུ་ཕྲའི་རང་བཞིན་གྱི་ཟས་དུག་ཕོག་པ་ནི་ནད་ཐོག་གི་སྟེང་ནས་ཕོ་རྒྱུའི་རང་བཞིན་དང་དབང་རྩའི་རང་བཞིན་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད། དབང་རྩའི་རང་བཞིན་གྱི་ཟས་དུག་ཕོག་པ་ནི་ཤ་དུག་ནར་སྲིན་དུག་རྒྱུས་འབག་བཙོག་བཟོས་པའི་ཟས་རིགས་ཀྱིས་བསླངས་བ་ཡིན་ཞིང་། མངོན་རྟགས་གཙོ་བོ་ནི་མིག་དང་མིད་པ། ངོ་བཅས་ཀྱི་ཤ་གནད་ལ་བེམ་སྦྲིད་ཐེབས་པ་དང་། ནད་འདི་དུས་ཚིགས་བཞི་བོ་གང་ཡིན་རུང་འབྱུང་བ་ཞིག་ཡིན། ཕོ་རྒྱུའི་རང་བཞིན་གྱི་ཟས་དུག་ཕོག་པ་དེ་དབྱར་ཁར་འབྱུང་ཚད་མཐོ་བའི་ནད་ཅིག་ཡིན།
རྒུན་འབྲུམ་ཟླུམ་སྲིན་དང་པྲ་ཚིལ་འདྲ་བའི་མྱུག་ཕུང་ནར་སྲིན་སོགས་འབུ་ཕྲ་མང་པོ་ཞིག་གིས་ཕོ་རྒྱུའི་རང་བཞིན་གྱི་ཟས་དུག་ཕོག་པའི་ནད་བསླངས་བ་ཡིན་ལ། ནད་རྟགས་གཙོ་བོ་ནི་སྐྱུགས་མེར་ལངས་པ་དང་སྐྱུགས་པ། གསུས་པ་ན་བ། བཤལ་བ། ཚ་རྒྱས་པ་སོགས་ཡིན། ནད་པ་ལ་ལར་གསུས་པ་བཤལ་སྐབས་བཤང་བའི་ནང་ཁྲག་འདྲེས་པ་དང་། ཚབས་ཆེ་ཚེ་ལུས་ཆུ་ཟད་པ་དང་དྲན་པ་ཤོར་བ་སོགས་ཀྱི་རྟགས་འབྱུང་སྲིད། ཟས་དུག་ཕོག་པའི་མངོན་རྟགས་ཆེས་གཙོ་བོ་ནི། མི་མང་པོ་ཞིག་གིས་ཟས་རིགས་སྣ་གཅིག་ཟོས་རྗེས། དུས་ཚོད་ངེས་ཅན་ཞིག་གི་ནང་སྐྱུགས་མེར་ལངས་བ་དང་སྐྱུགས་པ། གསུས་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། ཟས་རིགས་དེ་ཟ་མཚམས་བཞག་རྗེས་གཞན་པའི་མངོན་རྟགས་མེད་པ་དེ་ཡིན།
འབུ་ཕྲའི་རང་བཞིན་གྱི་ཟས་དུག་ཕོག་པ་ཅུང་ཡང་བའི་ནད་པ་སྨན་ཁང་དུ་ཞག་སྡོད་བྱེད་མི་དགོས་སྟེ། གཙོ་བོ་སྐྱུགས་པ་དང་གསུས་པ་བཤལ་བའི་སྐབས་སུ། ཟས་ཟ་མཚམས་བཞག་ནས་ཕོ་རྒྱུའི་ནུས་པ་སླར་གསོ་བྱེད་དགོས། ཡིན་ནའང་ཆུ་འཐུང་མཚམས་འཇོག་མི་རུང་། རྒྱུ་མཚན་ནི་གསུས་པ་ཡང་ཡང་བཤལ་བ་དང་སྐྱུགས་པ་དེས་ལུས་ཆུ་མང་པོ་འཆོར་དུ་འཇུག་པ་མ་ཟད། ད་རུང་ནྭ་དང་ཅྭ་སོགས་ལུས་སྟེང་གི་རྫས་མང་པོ་ཞིག་མེད་པར་བཟོས་ཏེ། གློག་འབྱེད་རྫས་འཁྲུགས་པ་དང་སྐྱུར་དུག་ཕོག་པར་བྱེད་སྲིད་པས་ཡིན། དེར་བརྟེན། གསུས་པ་བཤལ་བ་དང་སྐྱུགས་པའི་སྐབས་སུ་ཆུ་མང་པོ་ཁ་གསབ་བྱེད་པར་དོ་སྣང་བྱེད་དགོས།
ཆུ་ཁ་གསབ་བྱེད་པའི་བྱེད་ཐབས་ཆེས་ལེགས་པོ་ནི་ཆུ་ཁོལ་དང་སྐོམ་ཆུའི་རིགས་མང་པོ་འཐུང་བའམ་ཡང་ན་སྨན་ཁང་དུ་སོང་ནས་སྨན་ཁབ་རྒྱག་པ་དེ་མིན་པར། བཤེར་སྣོན་ཆུ་མང་པོ་འཐུང་དགོས་པ་དེ་ཡིན། བཤེར་སྣོན་ཆུ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་མྱུར་བའི་རང་བཞིན་གྱི་གསུས་པ་བཤལ་ནས་ལུས་ཆུ་ཟད་པ་གསོ་བཅོས་བྱེད་པའི་སྨན་རྫས་ཤིག་ཡིན་ཞིང་། དེའི་ནང་ཁུལ་ནྭ་རྫས་དང་ཁིལ་ཅྭ་རྫས། ཀུག་ཡོན་སྐྱུར་ནྭ། རྒུན་འབྲུམ་མངར་ཆ་བཅས་འདུས་ཡོད། བཤེར་ཆུ་དེས་ལུས་ཆུ་ཟད་པ་ཁ་གསབ་བྱེད་ཐུབ་པར་མ་ཟད། ད་རུང་གློག་འབྱེད་རྫས་དང་རྒུན་འབྲུམ་མངར་ཆ་ཁ་གསབ་བྱེད་ཐུབ་པས། ཕོ་རྒྱུའི་ནུས་པར་གནོད་པ་མེད་ལ་བདེ་འཇགས་ཡིན་པ་རེད།
འབུ་ཕྲའི་རང་བཞིན་གྱི་ཟས་དུག་ཕོག་པར་སྲིན་འགོག་སྨན་བསྟེན་མི་དགོས། སྲིན་འགོག་སྨན་གྱིས་ཕོ་བ་དང་རྒྱུ་མར་གནོད་པ་བཟོ་སྲིད་པར་མ་ཟད། རྒྱུ་ལམ་གྱི་རྒྱུན་ལྡན་སྲིན་རིགས་མེད་པར་བཟོས་ནས་ཕོ་རྒྱུའི་ནུས་པ་ཇེ་ཞན་དུ་གཏོང་སྲིད། སྨན་འཐུང་དགོས་ཚེ་རྒྱུ་ལམ་ལ་གནོད་པ་མེད་པའི་སྨན་རྫས་སྟེ། འོ་སྐྱུར་ནར་སྲིན་ནམ་ཡང་ན་ཆ་གྱེས་ནར་སྲིན་སྨན་རྫས་སོགས་བསྟེན་དགོས། གསུས་པ་ཡང་ཡང་བཤལ་ཚེ་བཤལ་འགོག་སྨན་འཐུང་ནས་བཤལ་གཅོད་པ་དང་རྒྱུ་ལམ་གྱི་འབྱར་སྐྱི་སྲུང་སྐྱོབ་བྱེད་དགོས། གསུས་པ་བཤལ་བ་དང་སྐྱུགས་པ་ཚབས་ཆེ་བ་དང་། ཚ་ཆེན་པོ་ལངས་བ། དྲན་པ་མི་གསལ་བ་སོགས་ཀྱི་ནད་རྟགས་འབྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ནད་བབ་འགོར་འགྱངས་སུ་གཏོང་མི་རུང་།
དབྱར་ཁ་ནི་འབུ་ཕྲ་སྐྱེ་འཕེལ་དང་ཟས་དུག་ཕོག་ཚད་མཐོ་བའི་དུས་ཚིགས་ཤིག་ཡིན། འབུ་ཕྲའི་རང་བཞིན་གྱི་ཟས་དུག་ཕོག་པ་དེ་གཙོ་བོ་བྱིས་བཅོལ་ཁང་དང་སློབ་གྲྭ ལས་ཁུངས་བཅས་ཀྱི་ཟ་ཁང་དུ་འབྱུང་སླ། རྒྱུ་མཚན་ནི་ལས་ཁུངས་དེ་དག་ལ་མཚོན་ན་མི་མང་པོའི་ཟས་རིགས་གཡོས་སྦྱོར་བྱེད་དགོས་ཤིང་དེའི་ཁར་གཡོས་སྦྱོར་བྱེད་མཁན་གྱི་ཇ་མའང་མང་བས། འབུ་ཕྲ་བགོ་བའི་གོ་སྐབས་ལྡན་པ་རེད། དེ་མིན་ད་རུང་ཟ་ཁང་ཁ་ཤས་ཀྱིས་ཟས་ལྷག་ཉར་ཚགས་བྱས་པ་མི་ལེགས་པ་དེས་ཀྱང་ནད་འབུ་བསྐྱེད་པའི་གོ་སྐབས་ཇེ་མང་དུ་བཏང་བ་རེད། དེར་བརྟེན། ཟ་ཁང་དུ་ཟ་མ་ཟ་སྐབས་འཁྱག་ཟས་ཀྱི་རིགས་དང་ལས་སྣོན་བྱས་ནས་ཡུན་རིང་འགོར་བའི་ཟས་རིགས་མི་ཟ་བར་ཟས་རིགས་གསར་བ་འདེམ་ནས་ཟ་དགོས། རང་ཁྱིམ་གྱི་ཟས་ལྷག་ཏེ་ངེས་པར་དུ་འཁྱག་སྒམ་ནང་འཇོག་དགོས་ལ། ཟ་སྐབས་ཚ་འདེ་བྱས་ནས་ཟ་དགོས། སིལ་ཏོག་སོགས་གཙང་མར་བཀྲུས་ནས་ཟ་དགོས་ལ། བཟའ་བཏུང་གི་སྔ་གཞུག་ཏུ་ལག་པ་གཙང་མར་བཀྲུ་བ་རྒྱུན་འཁྱོངས་བྱས་ནས་འཕྲོད་བསྟེན་གོམས་སྲོལ་ལེགས་པོ་ཆགས་སུ་འཇུག་དགོས། ཧབ་ཟ་ཧབ་འཐུང་མི་བྱེད་པ་དང་། སྐོམ་ཆུའི་རིགས་མང་པོ་མི་འཐུང་བ་བཅས་བྱས་ནས་རྒྱུ་ལམ་གྱི་ནད་འགོག་ནུས་པ་སྲུང་སྐྱོབ་བྱེད་དགོས།
ལོ་ཙཱ་བ།འབྲུག་མོ།