རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཚྭ་དང་སྣུམ། ཀ་ར་སོགས་ཉུང་ཟ་དང་། ཁ་སྦུག་དང་ལུས་ཀྱི་ལྗིད་ཚད། རུས་ཚིགས་བཅས་ཀྱི་བདེ་ཐང་ལ་དོ་སྣང་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། དེ་ནི་མི་རྣམས་ཀྱིས་བདེ་ཐང་ངང་འཚོ་བ་རོལ་བའི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། དེ་དག་དལ་བའི་རང་བཞིན་གྱི་ནད་རིགས་སྔོན་འགོག་བྱེད་པར་འབྲེལ་བ་དམ་པོ་ཡོད་པ་རེད།
ཚྭ་ཉུང་ཉུང་ཟ་བ། མི་དར་མས་ཉིན་རེར་ཚྭ་ཁེ་དྲུག་ལས་མི་བརྒལ་བ་བྱེད་དགོས།
ཀྲུང་གོ་ནི་ཚྭ་ཟ་ཚད་མཐོ་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་ལ། ཆ་སྙོམས་མི་རེས་ཉིན་རེར་ཚྭ་ཁེ་བཅུ་གཉིས་ཡན་ཟ་ཀྱིན་ཡོད། ཀྲུང་གོའི་གསོ་རིག་ཚན་རིག་གླིང་ཧྥུའུ་བེ་སྨན་ཁང་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཁྲིན་བིས་བིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚྭ་མང་དུ་ཟ་བ་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཆེན་པོ་གསུམ་གྲས་ཀྱི་གཅིག་ཡིན་པ་མ་ཟད། ཚྭ་ཟ་ཚད་མང་དྲགས་པ་དེས་ད་རུང་ཕོ་བའི་ནད་དང་རུས་སོབ་ཀྱི་ནད། ལུས་ཚོ་བ་སོགས་ཀྱི་ནད་རིགས་བསྐྱེད་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད་ཟེར།
ནམ་རྒྱུན་མི་མང་པོ་ཞིག་ནི་སྔོ་ཚོད་བསྙལ་མའམ་ཡང་ན་སྲམ་སྣུམ་གིས་གཡོས་སྦྱོར་བྱས་པའི་ཟས་རིགས་ཟ་རྒྱུར་དགའ་བ་དེས་ཀྱང་ཚྭ་ཟ་ཚད་ཇེ་མང་དུ་བཏང་བ་རེད། མི་དར་མས་ཉིན་རེར་ཚྭ་ཟ་ཚད་ཁེ་དྲུག་ལས་མི་བརྒལ་བ་དང་། ལོ་གཉིས་ནས་གསུམ་བར་གྱི་བྱིས་པས་ཉིན་རེར་ཚྭ་ཟ་ཚད་ཁེ་གཉིས་ལས་མི་བརྒལ་བ། ལོ་བཞི་ནས་དྲུག་བར་གྱི་བྱིས་པས་ཉིན་རེར་ཚྭ་ཟ་ཚད་ཁེ་གསུམ་ལས་མི་བརྒལ་བ། ལོ་བདུན་ནས་བཅུའི་བར་གྱི་བྱིས་པས་ཉིན་རེར་ཚ་ཟ་ཚད་ཁེ་བཞི་ལས་མི་བརྒལ་བ། ལོ་རེ་ལྔ་ཡན་གྱི་རྒན་པས་ཉིན་རེར་ཚྭ་ཟ་ཚད་ཁེ་ལྔ་ལས་མི་བརྒལ་བ་བཅས་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།
སྣུམ་ཉུང་ཉུང་ཟ་བ། ཉིན་རེར་ཁེ་སུམ་ཅུ་ལས་མི་བརྒལ་བ་བྱེད་དགོས།
སྣུམ་ཞག་ཆེ་བའི་ཟས་རིགས་ནི་ཁྲག་ཚིལ་མཐོ་བའི་ནད་ཀྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཅིག་ཡིན། ཡུན་རིང་ཁྲག་ཚིལ་རྒྱུན་ལྡན་མིན་པ་དེས་མཆིན་པ་ཚིལ་འགྱུར་དང་འཕར་རྩ་རྩ་འགྱུར། སྙིང་གཟེར་ནད། ཀླད་གྲིབ། མཁལ་མའི་འཕར་རྩ་རྩ་འགྱུར་སོགས་ཀྱི་ནད་རིགས་སློང་སྲིད།
སྨན་པ་འབུམ་རམས་པ་ཁྲིན་བིས་བིས་ཀྱིས་བཤད་རྒྱུར། སྤྱིར་བཏང་དུ་མི་རེས་ཉིན་རེར་སྣུམ་ཟ་ཚད་དེ་ཁེ་ཉེར་ལྔ་ནས་སུམ་ཅུའི་བར་ཡིན་ན་ཆོག་ལ། ཚོད་མ་བརྔོ་སྐབས་སྣུམ་མི་བཀོལ་བའམ་ཡང་ན་ཉུང་ཉུང་བཀོལ་ཏེ། རླངས་བཙོས་དང་ཆུ་ནང་དུ་བཙོད་པ་སོགས་བྱས་ན་སྣུམ་ཟ་ཚད་ཇེ་ཉུང་དུ་གཏོང་ཐུབ་ཟེར།
ཀ་ར་ཉུང་ཉུང་ཟ་བ། མངར་ཆའི་རིགས་ཀྱི་ཟས་རིགས་ཟ་ཚད་ཚོད་འཛིན་བྱེད་དགོས།
མངར་ཆ་མང་པོ་འདུས་པའི་ཟས་རིགས་མང་དུ་ཟ་བ་དེས། ལུས་ཚོ་བ་དང་དལ་བའི་རང་བཞིན་གྱི་ནད་རིགས་བསྐྱེད་པའི་ཉེན་ཁ་ཆེ་ལ། ལྷག་པར་དུ་མངར་ཆ་འདུས་པའི་སྐོམ་ཆུ་མང་པོ་འཐུང་བ་དེས། ཟས་རིགས་ཀྱི་འཚོ་བཅུད་དོ་མི་མཉམ་པར་བཟོས་ཏེ། ལུས་ཀྱི་ལྗིད་ཚད་འཕར་སྣོན་དང་། དལ་བའི་རང་བཞིན་གྱི་ནད་རིགས་ཇེ་སྡུག་ཏུ་གཏོང་བའི་ཉེན་ཁ་བཟོ་སྲིད། དེར་བརྟེན། མི་རེས་ཉིན་རེར་ཀ་ར་ཟ་ཚད་ཁེ་ལྔ་བཅུ་ལས་མི་བརྒལ་བར་བྱེད་པ་དང་། རབ་ཡིན་ན་ཁེ་ཉེར་ལྔའི་མན་དུ་ཚོད་འཛིན་བྱེད་དགོས།
ཁྲིན་བིས་བིས་ཀྱིས་བཤད་རྒྱུར། མི་མང་པོ་ཞིག་གིས་མངར་ཆའི་རིགས་ཇེ་ཉུང་དུ་གཏོང་དགོས་ཟེར་ན། མངར་ཆ་མི་འདུས་པའི་ཟས་རིགས་ཁོ་ན་བདམས་ནས་ཟ་བཞིན་ཡོད་པ་རེད། སྤྱིར་མངར་ཆ་ཇེ་ཉུང་དུ་གཏོང་དགོས་ཟེར་བ་ནི་རྒྱུན་ལྡན་གྱི་ཀ་རའི་རིགས་ཁོ་ན་མིན་པར། སིང་ཕྱེའི་རིགས་ཀྱི་ཟས་རིགས་ཀྱང་ཚོད་འཛིན་བྱེད་དགོས་སྟེ། དཔེར་ན་འབྲས་དང་ཕྱེ་སོགས་ལྟ་བུ་ཡིན། རྒྱུ་མཚན་ནི་སིང་ཕྱེའི་རིགས་ཀྱི་ཟས་རིགས་འདི་དག་རྒྱུ་ལམ་ནས་མངར་ཆའི་རྫས་སུ་གྱུར་ཞིང་། སིང་ཕྱེ་དང་ཀ་ར་དེ་ང་ཚོའི་ཉིན་རྒྱུན་གྱི་ཟད་གྲོན་ནུས་ཚད་དང་དོ་མཉམ་མ་ཡོང་ཚེ། ལུས་ཀྱི་བརྗེ་ཚབ་ལ་གནོད་པ་བཟོ་སྲིད་པས་ཡིན་ཟེར།
ཁ་སྦུག་གི་བདེ་ཐང་།
ཁ་སྦུག་གི་བདེ་ཐང་ནི་ལུས་ཡོངས་ཀྱི་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད། དཔེར་ན། སྙིང་དང་ཀླད་པའི་ཁྲག་རྩའི་ནད་དང་། གཅིན་སྙི་ཟ་ཁུའི་ནད་དེ་ཁ་སྦུག་ལ་གཉན་ཚད་རྒྱས་པ་དང་འབྲེལ་བ་ཡོད་པ་ལྟ་བུ་རེད།
ཀྲུང་གོའི་ཁ་སྦུག་གསོ་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། པེ་ཅིན་སློབ་ཆེན་ཁ་སྦུག་སྨན་ཁང་གི་ཆེད་མཁས་པ་རོང་བུན་ཧྲིན་གྱིས་བཤད་རྒྱུར། ནམ་རྒྱུན་ཁ་སྦུག་གི་གཙང་སྦྲར་དོ་སྣང་བྱས་ཏེ། ནངས་མོ་དང་དགོང་མོར་ཉལ་ཁར་ཧྥུལ་འདུས་པའི་སོ་རྩི་ཡིས་སོ་བཀྲུ་བའི་གོམས་སྲོལ་ལེགས་པོ་ཆགས་པར་བྱེད་དགོས། ཁྱིམ་བདག་གིས་ལོ་དྲུག་མན་གྱི་ལོ་ཆུང་བྱིས་པས་སོ་བཀྲུ་བར་མཛུབ་སྟོན་དང་རོགས་རམ་བྱེད་དགོས་པར་མ་ཟད། བཟའ་བཏུང་བསྟེན་ཚུལ་ལ་དོ་སྣང་དང་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས། བཟའ་བཏུང་བསྟེན་ཚུལ་ལུགས་མཐུན་ཡིན་མིན་དེས་ཐད་ཀར་ཁ་སྦུག་གི་བདེ་ཐང་ལ་གནོད་པ་བཟོ་བཞིན་ཡོད་པས། ཁ་སྦུག་ལ་གནད་དོན་བྱུང་ཚེ་དུས་ཐོག་ཏུ་གསོ་བཅོས་བྱེད་པ་དང་། མི་དར་མས་ལོ་རེར་ཉུང་མཐར་ཡང་ཁ་སྦུག་ལ་ཞིབ་བཤེར་ཐེངས་གཅིག་བྱེད་དགོས། ལོ་ཆུང་བྱིས་པར་ལོ་ཕྱེད་ཀྱི་ནང་ཁ་སྦུག་ལ་ཞིབ་བཤེར་ཐེངས་རེ་བྱེད་དགོས། རྒྱུ་མཚན་ནི་ལོ་ཆུང་བྱིས་པར་སོ་རུལ་གྱི་ནད་འབྱུང་སླ་བས་ཡིན།
ལུས་ཀྱི་ལྗིད་ཚད་ལ་དོ་སྣང་བྱེད་པ།
ཁྲིན་བིས་བིས་ཀྱིས་བཤད་རྒྱུར། ལུས་ཀྱི་ལྗིད་ཚད་ཚད་ལས་བརྒལ་བ་ནི་གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བ། ཁྲག་ཚིལ་རྒྱུན་ལྡན་མིན་པ། འཕར་རྩ་རྩ་འགྱུར། སྙིང་གཟེར་ནད་བཅས་སློང་བའི་ཉེན་ཁའི་རྒྱུ་རྐྱེན་ཅིག་ཡིན།
ལུས་ཀྱི་ལྗིད་ཚད་དོ་མཉམ་པ་སྲུང་འཛིན་བྱེད་ཆེད། དུས་བཅད་ལྟར་ལུས་ཀྱི་མཐོ་ཚད་དང་ལྗིད་ཚད་ལ་ཚད་ལེན་བྱེད་དགོས། ལོ་ཚོད་མི་འདྲ་བའི་མི་ཚོགས་ཀྱིས་ཉིན་རེ་རེར་སྦྱོང་བརྡར་བྱས་ཏེ་ལུས་ཀྱི་ལྗིད་ཚད་སྲུང་འཛིན་བྱེད་དགོས་ལ། ལོ་ལོན་རྒན་པས་རང་དང་འཚམས་པའི་གཟུགས་གཞི་བདེ་ཐང་ཡོང་བའི་སྦྱོང་བརྡར་བྱེད་དགོས། ཡིན་ནའང་ལོ་ལོན་རྒན་པས་ལུས་སྦྱོང་བྱེད་ཚད་དེ་རང་ཉིད་ཀྱི་བྱེ་བྲག་གི་གནས་ཚུལ་དང་བསྟུན་ནས་བྱེད་དགོས། ལུས་ཚོ་བའི་བྱིས་པར་མཚོན་ན་བཟའ་བཏུང་གི་ཕྱོགས་ནས་ཚོད་འཛིན་འོས་འཚམ་དང་། སྦྱོང་བརྡར་གྱི་ཕྱོགས་སུ་མཛུབ་སྟོན་བྱས་ཏེ། ལུས་ཀྱི་ལྗིད་ཚད་དོ་མཉམ་པ་སྲུང་འཛིན་བྱེད་དགོས་ཟེར།
རུས་ཚིགས་ཀྱི་བདེ་ཐང་། རུས་ཚིགས་ཀྱི་བདེ་ཐང་ནི་ཚེ་མཇུག་གི་འཚོ་བར་འབྲེལ་བ་ཡོད།
པེ་ཅིན་ཅིས་ཧྲོས་ཐན་སྨན་ཁང་རུས་ཚིགས་ཚན་ཁག་གི་སྨན་པ་འབུམ་རམས་པ་ཀོ་ཞའོ་ཀྲུང་གིས་གསལ་འདེབས་བྱེད་རྒྱུར། རུས་སོབ་དང་རུས་ཚིགས་ཀྱི་ནད་ནི་ཚང་མས་དོ་སྣང་བྱེད་དགོས་པའི་གནད་དོན་ཅིག་ཡིན། རུས་སོབ་ནད་ཀྱི་ཉེན་ཁ་ཆེ་བའི་མཉམ་བྱུང་ནད་ནི་རུས་པར་ཆག་སྐྱོན་འབྱུང་སླ་བ་དེ་ཡིན། ཚྭ་ཉུང་ཞིང་ཀལ་འདུས་ཚད་མཐོ་བ་དང་སྤྲི་དཀར་འོས་འཚམ་ཡིན་པའི་བཟའ་བཏུང་གིས་རུས་སོབ་ཀྱི་ནད་སྔོན་འགོག་བྱེད་ཐུབ་པ་དང་། ཉི་འོད་ཀྱིས་བེ་ཧྲིན་སུའུDཡིས་ཀལ་བསྡུ་ལེན་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ་པས། ཆ་སྙོམས་ཉིན་རེར་ཉུང་མཐར་ཡང་དུས་ཚོད་སྐར་མ་ཉི་ཤུར་ཉི་མར་ལྡེ་དགོས། དུས་མཚུངས་སུ། སྦྱོང་བརྡར་འོས་འཚམ་བྱས་ཏེ་རུས་པ་སྲ་མོར་འགྱུར་བར་བྱེད་དགོས།
རུས་ཚིགས་ཀྱི་ནད་ནི་སྤྱིར་བཏང་དུ་མི་དར་མ་དང་རྒན་པར་འབྱུང་ཚད་མཐོ། རྒྱུ་མཚན་ནི་འགུལ་སྐྱོད་མང་དྲགས་པ་དང་རུས་ཚིགས་ལ་སྲུང་སྐྱོབ་མ་བྱས་པས་ཡིན་ལ། ནམ་རྒྱུན་རྒན་པ་རྣམས་ཀྱིས་ལུས་ཀྱི་ལྗིད་ཚད་ཚོད་འཛིན་བྱས་ཏེ་རུས་ཚིགས་ཀྱི་ཁག་ཁུར་ཇེ་ཡང་དུ་གཏོང་བ་སོགས་བྱས་ནས། རུས་ཚིགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
ལོ་ཙཱ་བ།འབྲུག་མོ།