མིག་སྔར་བྱིས་པ་དང་བྱིས་པ་རློན་ནུའི་འཚོ་བཅུད་ཀྱི་ཕྱོགས་སུ་“ཚེ་སྲོག་གི་ཆེས་ཐོག་མའི་ཉིན་སྟོང་གཅིག”ཞེས་པའི་བཤད་ཚུལ་ཞིག་ཡོད་དེ། དེ་ནི་མའི་མངལ་སྦྲུམ་པ་ནས་བྱིས་པ་བཙས་ནས་ལོ་གཉིས་སོན་པའི་བར་དེར་བཤད་པ་རེད། རྗེས་ཕྱོགས་ནར་སོན་རྗེས་ཀྱི་ནད་རིགས་མང་པོ་ཞིག་དུས་སྐབས་དེའི་འཚོ་བཅུད་དང་འབྲེལ་བ་ཡོད་པ་རེད་ཟེར།
བྱིས་པར་ཆེས་ཉུང་ནའང་ཟླ་ངོ་དྲུག་གི་རིང་ལ་ཨ་མའི་ནུ་མས་གསོ་དགོས། ཨ་མའི་འོ་མའི་ནང་དུ་རིམས་འགོག་རྫས་ཀྱི་གྲུབ་ཆ་ཤིག་ཡོད་པས། དེས་བྱིས་པར་འགོ་བའི་རང་བཞིན་གྱི་ནད་རིགས་འབྱུང་བར་སྔོན་འགོག་བྱེད་ཐུབ། རབ་ཡིན་ཟླ་ངོ་བདུན་ནས་ལོ་གཉིས་ལོན་རག་བར་དུ་བྱིས་པར་མུ་མཐུད་དུ་ནུ་མ་བླུད་ན་བཟང་། རྒྱུ་མཚན་ནི་ཨ་མའི་ནུ་མས་སྤུས་ལེགས་སྤྲི་དཀར་དང་ཀའེ་སོགས་འཚོ་རྒྱུ་གཙོ་བོ་དང་རིམས་འགོག་རྫས་སྣ་ཚོགས་མཁོ་སྤྲོད་བྱེད་ཐུབ་པར་མ་ཟད། ད་དུང་མ་བུའི་བརྩེ་འདང་ཇེ་ཟབ་ཏུ་བཏང་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་བྱེད་ཐུབ། གལ་ཏེ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཨ་མས་ནུ་མ་ལྡུད་མི་ཐུབ་པའམ་ཡང་ན་ཨ་མའི་འོ་མས་མི་འདང་ན། འོ་མ་གཞན་དག་ལ་བརྟེན་ནས་ཨ་མའི་འོ་མའི་ཚབ་བྱེད་དགོས།
ལྕགས་རྫས་འདུས་ཚད་མཐོ་བའི་ཞོར་ཟས་ཐོག་མར་སྟེར་དགོས།
ཟླ་ངོ་དྲུག་ལོན་པའི་བྱིས་པའི་ཕོ་རྒྱུའི་ནུས་པ་ཅུང་ཟད་འཐུས་ཚང་དུ་གྱུར་ཡོད་པས། ཨ་མའི་ནུ་མ་ལས་གཞན་པའི་ཟས་རིགས་སྣ་ཚོགས་འཇུ་ཐུབ་པ་ཡིན། དུས་མཚུངས་སུ། སྐབས་དེར་བྱིས་པའི་ལྕེས་རོ་མྱོང་བའི་ནུས་པ་དང་སྣས་དྲི་སྣོམ་པའི་ནུས་པ། ལུས་ཀྱིས་རེག་པའི་ནུས་པ་སོགས་ཚོར་ཤེས་དང་སེམས་ཁམས། ཤེས་རྟོགས་དང་སྤྱོད་ལམ་སོགས་ཕྱོགས་མང་པོ་ནས་ཟས་རིགས་གསར་བ་བསྡུ་ལེན་བྱེད་ཐུབ་པ་ཡིན།
དུས་སྐབས་དེར་ལྕགས་རྫས་འདུས་ཚད་མཐོ་བའི་ཟས་རིགས་མང་པོ་ཟ་དགོས་ཏེ། ལྕགས་རྫས་འདུས་ཚད་མཐོ་བའི་འབྲས་ཕྱེ་ཟ་རུ་འཇུག་པ་དང་། དེ་ནས་རིམ་གྱིས་སྒོང་སེར་དང་འཐག་ཟིན་པའི་ཤའི་རིགས་སོགས་ཟས་རིགས་སྣ་ཚོགས་ཟ་རུ་འཇུག་དགོས། རྒྱུ་མཚན་ནི་བྱིས་པའི་ལུས་སྟེང་གི་ལྕགས་རྫས་དེ་མངལ་སྦྲུམ་པའི་སྐབས་ཀྱི་ཐོག་མའི་ཟླ་ངོ་གསུམ་གྱི་ནང་དུ་ཨ་མའི་ལུས་སྟེང་ནས་བུ་རོགས་བརྒྱུད་དེ་བྱིས་པར་སྟེར་དགོས་པ་ཞིག་ཡིན་ལ། བྱིས་པ་བཙས་རྗེས་ཀྱི་ཟླ་ངོ་གཉིས་ནས་གསུམ་གྱི་ནང་དུ་སྐྱེས་ལུགས་རང་བཞིན་གྱི་ཁྲག་ཇེ་ཞན་དུ་འགྲོ་ཞིང་། དེའི་ཁར་ཨ་མའི་ནུ་མའི་ནང་དུ་ལྕགས་རྫས་འདུས་ཚད་ཉུང་ན་བྱིས་པར་ཁྲག་ཞན་པའི་སྣང་ཚུལ་འབྱུང་སྲིད། དེ་བས་རིམ་གྱིས་ཟས་རིགས་སྣ་ཚོགས་བྱིན་ནས་ཟས་བཅུད་གང་མང་མཁོ་འདོན་བྱེད་དགོས། ཞོར་ཟས་སྟེར་ཐབས་ནི། ཐེངས་རེར་ཟས་རིགས་གསར་བ་སྣ་མི་འདྲ་བ་རེ་རེ་སྟེར་དགོས་ཤིང་། དེ་ཡང་ཉུང་ཉུང་ནས་རིམ་གྱིས་ཇེ་མང་དང་སྙི་མོ་ནས་རགས་མོའི་རིགས་སྟེར་དགོས། དཔེར་ན། ལྕགས་རྫས་འདུས་ཚད་མཐོ་བའི་བྱིས་པའི་འབྲས་ཕྱེ་དང་ཞིབ་བུར་འཐག་པའི་ཤའི་རིགས་སོགས་ལྟ་བུ། དེ་ནས་རིམ་གྱིས་ཟས་རིགས་ཅུང་སྲ་མོའི་རིགས་སྟེར་དགོས་ཏེ། དཔེར་ན། ཕྱེ་ཐུག་དང་ཞིབ་བུར་འཐག་པའི་ཤའི་རིགས་དང་། སྔོ་ཚོད་དང་སིལ་ཏོག་གི་རིགས་སོགས་སྟེར་དགོས། ཟས་རིགས་གསར་བ་རེ་རེ་ཉིན་གཉིས་ནས་གསུམ་ཙམ་ལ་ལོབས་སུ་བཅུག་རྗེས་ཡང་བསྐྱར་ཟས་རིགས་གཞན་པ་བྱིན་ནས་ལོབས་སུ་འཇུག་དགོས།
བྱིས་པའི་དགོས་མཁོ་དང་བསྟུན་ནས་ཟས་རིགས་སྣ་ཚོགས་སྟེར་དགོས།
བྱིས་པ་ལག་ཆགས་པ་དང་བསྟུན་ནས་ཕ་མ་དང་གཉོར་སྐྱོང་བྱེད་མཁན་གྱིས་བྱིས་པའི་འཚོ་བཅུད་ཀྱི་དགོས་མཁོ་ལྟར་ཟས་རིགས་སྣ་ཚོགས་སྟེར་དགོས་པར་མ་ཟད། རིམ་གྱིས་ཁྱིམ་མི་དང་མཉམ་དུ་ཟ་མ་ཟ་རུ་འཇུག་དགོས་པ་དང་། སེམས་ཞིབ་མོས་བྱིས་པས་རང་ཚུགས་ཐུབ་པའི་སྒོ་ནས་ཟས་ཟ་བར་རོགས་འདེགས་བྱེད་དགོས་པ་མ་གཏོགས་ཨུ་ཚུགས་གཏན་ནས་བྱེད་མི་རུང་།
བྱིས་པའི་ཞོར་ཟས་ཀྱི་ནང་དུ་ཚྭ་དང་ཀ་ར་མང་མི་རུང་།
བྱིས་པའི་ཞོར་ཟས་ཀྱི་ནང་དུ་ཚྭ་དང་ཀ་ར་སོགས་མི་འདེབས་པར་བྲོ་བ་ཅུང་ཞན་དུ་འཇུག་དགོས། དེ་ལྟར་བྱས་ན་བྱིས་པས་བྲོ་རྫས་མེད་པའི་ཟས་རིགས་སྣ་ཚོགས་ཟ་བ་དང་ཟས་རིགས་ལ་ཁ་འདེམ་བྱེད་མི་སྲིད།
བྱིས་པའི་ཟ་མའི་ནང་དུ་ཚྭ་དང་ཀ་ར་མང་པོ་མ་བཏབ་ན། བྱིས་པའི་དུས་སུ་ལུས་ཚོ་བ་དང་གཅིན་སྙི་ཟ་ཁུ། ཁྲག་ཤེད་མཐོ་བ། སྙིང་ཁམས་ཁྲག་རྩའི་ནད་རིགས་བཅས་འབྱུང་ཚད་ཇེ་དམར་གཏོང་ཐུབ། དེ་བས་བྱིས་པའི་ཟ་མའི་ནང་དུ་ཚྭ་དང་ཀ་ར་མང་པོ་མི་འདེབས་པའི་ཆེད་དུ། ཁྱིམ་མིས་ཀྱང་ནམ་རྒྱུན་གྱི་ཟ་མའི་ཁྲོད་དུ་ཚྭ་དང་ཀ་ར་ཉུང་ཉུང་བྱེད་པའི་གོམས་གཤིས་ལོབས་སུ་འཇུག་དགོས།
བཟའ་བཏུང་གི་གཙང་སྦྲར་དོ་སྣང་བྱེད་དགོས།
ཟས་རིགས་གཡོ་སྐོལ་བྱེད་དུས་ལག་པ་གཙང་མར་བཀྲུ་དགོས་ཤིང་། སྣོད་ཀ་ཅ་གཙང་མར་བཀྲུ་བ། ཁྱིམ་ཕྱི་ནང་ལ་གད་བདར་བྱེད་པ། གཡོ་སྐོལ་བྱས་པའི་ཟ་མ་ཚོས་ཐག་ཆོད་དུ་འཇུག་པ་དང་དུས་ལྟར་ཟ་དགོས།
བྱིས་པའི་ཟ་མ་ཟ་དུས་ཁྱིམ་བདག་དང་གཉོར་སྐྱོང་བྱེད་མཁན་གྱིས་ཟུར་དུ་ལྟ་རྟོག་བྱེད་དགོས། བ་དམ་དང་ཤིང་འབྲས། གོ་ཏུང(果冻) བཅས་བྱིས་པ་ཆུང་ངུས་ཁ་ཟས་སུ་མི་འཚམས། བྱིས་པ་ལོ་གསུམ་དུ་འབུད་རག་བར་དུ་བྱིས་པའི་འཚར་སྐྱེས་ཀྱི་བརྒྱུད་རིམ་ལ་ངེས་པར་དུ་ལྟ་རྟོག་ནན་མོ་བྱས་ནས་བྱིས་པའི་འཚོ་བཅུད་ཀྱི་ཕྱོགས་ལ་དོ་སྣང་བྱེད་དགོས།
ལོ་ཙཱ་བ། འབྲུག་མོ།