མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་འགོས་ནད་ལྕི་མོ་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.08.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འགོས་ནད་ལྕི་མོ་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། ལོ་སྟོད་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་སྤེལ་བའི་གནས་ཚུལ་ལ་སྤྱི་སྡོམ་དང་། འགོག་བཅོས་ཐད་ནས་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པ་དང་། བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཐུམ་འབུའི་ནད་འགོག་བཅོས་བྱེད་པ་ནི་འབྲོག་ཁུལ་གྱི་འགོ་བའི་རང་བཞིན་གྱི་ནད་རིགས་འགོག་བཅོས་བྱེད་པའི་གཙོ་གནད་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། སེམས་ཤུགས་གཅིག་བསྒྲིལ་གྱིས་དངོས་གཉེར་བྱས་པས། ལོ་སྟོད་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ཐུམ་འབུའི་ནད་འགོག་བཅོས་བྱེད་རྒྱུ་ནི་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཡིན་ལ། ད་ལོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་ན། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་ནས། འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་ཟེར།

ཚོགས་ཐོག་ནས། ཐུམ་འབུའི་ནད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཐད་ནས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྔོན་འགོག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྨན་བཅོས་བྱེད་པར་བརྟེན་ནས་ནད་པ་ཇེ་ཉུང་དུ་གཏོང་བ་དང་། སྔོན་འགོག་ལ་བརྟེན་ནས་ནད་པ་ཇེ་མང་དུ་འགྲོ་བར་ཚོད་འཛིན་བྱེད་དགོས། ཐུམ་འབུའི་ནད་འགོག་བཅོས་ཀྱི་ཆེད་སྤྱོད་མ་དངུལ་བཀོལ་སྤྱོད་དང་དོ་དམ་ཐད་ནས་ཚད་ལྡན་དུ་བཏང་སྟེ། བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་བྱེད་དགོས། ཐུམ་འབུའི་ནད་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ཀྱི་དཀའ་ཁག་རང་བཞིན་དང་རྙོག་འཛིང་རང་བཞིན། དུས་ཡུན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཞན་ཆ་ཁ་གསབ་བྱེད་པ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་ཐུམ་འབུའི་ནད་འགོག་བཅོས་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་ནས། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། འབྲུག་མོ།