བུད་མེད་མང་པོ་ཞིག་གིས་བྱིས་པ་བཙས་རྗེས་རང་ཉིད་ཀྱི་གཟུགས་གཞི་སླར་གསོ་འབྱུང་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། གལ་ཏེ་མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མའི་ལུས་ཕུང་གི་ལྗིད་ཚད་ལ་ཚོད་འཛིན་བྱས་པ་ཅུང་བཟང་ན། བྱིས་པ་བཙས་རྗེས་ཚོ་བྱང་དུ་འཇུག་རྒྱུ་དེའང་ལས་སླ་མོ་ཞིག་ཡིན། སྤྱིར་ཟླ་འགའི་ནང་དུ་ལུས་ཕུང་སླར་སོས་ནས་སྔོན་ཆད་ནང་བཞིན་དུ་འགྱུར་ཐུབ། ཡིན་ནའང་གལ་ཏེ་སྦྲུམ་མ་དེ་མངལ་མ་སྦྲུམ་གོང་དང་ཡང་ན་མངལ་སྦྲུམ་པའི་སྐབས་སུ་ལུས་ཚོན་པོ་ཅན་ཞིག་ཡིན་ན། དུས་ཡུན་ཅུང་རིང་བོ་ཞིག་དགོས་ཏེ། དཔེར་ན་ལོ་གཅིག་གམ་དེའི་ཡན་གྱི་དུས་ཡུན་བརྒྱུད་ནས་རིམ་གྱིས་ཚོ་བྱང་དུ་འཇུག་དགོས། གཤམ་དུ་བུད་མེད་རྣམས་ཀྱིས་བྱིས་པ་བཙས་རྗེས་ཚོ་བྱང་ཐབས་ཀྱི་མན་ངག་འགའ་ངོ་སྤྲོད་ཅིག་བྱེད།
སྤྱིར་བཤད་ན། བུད་མེད་རྣམས་ཀྱིས་བྱིས་པ་བཙས་ནས་ཉིན་བཞི་བཅུ་ཞེ་གཉིས་འགོར་རྗེས་ལུས་ཕུང་ལ་ཡང་བསྐྱར་བརྟག་དཔྱད་བྱེད་དགོས་ཤིང་། དེའི་སྐབས་སུ་ལུས་ཕུང་གི་ལྗིད་ཚད་དེ་མངལ་སྦྲུམ་པའི་སྐབས་དང་བསྡུར་ན་ལུས་ཀྱི་ལྗིད་ཚད་ཕྱེད་ཀ་ཙམ་མར་འབབ་སྲིད། དེའི་ལྷག་མ་རྣམས་བྱིས་པ་བཙས་ནས་ཟླ་དྲུག་ནས་བཅུ་གཉིས་ཀྱི་ནང་དུ་མར་འབབ་དགོས་པ་ཡིན། ལུས་ཀྱི་ལྗིད་ཚད་མར་འབབ་ཚད་དེ་ཆེས་མགྱོགས་ནའང་མི་བཟང་། དེའི་རྒྱུ་མཚན་ནི་ལུས་ཀྱི་ལྗིད་ཚད་ཆེས་མགྱོགས་པོར་མར་འབབ་པ་ནི་བཟའ་བཏུང་ལ་ཚོད་འཛིན་བྱས་པ་དང་། འགུལ་སྐྱོད་བྱེད་ཚད་ཆེ་བའི་རྐྱེན་ཡིན་པས། དེ་ལྟར་བྱས་ན་ལུས་ཕུང་སླར་སོས་པར་མི་ཕན་པ། སྤྱིར་བཏང་དུ་བྱིས་པ་བཙས་ནས་ཟླ་ངོ་གཉིས་ཙམ་འགོར་རྗེས་ད་གཟོད་ཚོ་བྱང་བའི་བྱེད་ཐབས་སྣ་ཚོགས་སྤྱད་ཆོག དེའང་རིམ་གྱིས་བཟའ་བཏུང་དང་འགུལ་སྐྱོད་ལ་ཅུང་ཟད་དོ་སྣང་བྱེད་དགོས་པ་མ་གཏོགས་དེ་མ་ཐག་ཚོ་བྱང་དུ་འཇུག་མི་རུང་། གཟའ་འཁོར་རེར་ལུས་ཀྱི་ལྗིད་ཚད་རྒྱ་མ་གཅིག་ལས་མར་འབབ་ཏུ་འཇུག་མི་རུང་།
ཁ་ཟས་བསྡམས་མི་དགོས་ཏེ། སྤྱིར་བྱིས་པ་བཙས་རྗེས་ཀྱི་བུད་མེད་རྣམས་ལ་མཚོན་ནས་བཤད་ན། རྒྱུན་ལྡན་དང་བདེ་ཐང་། དོ་མཉམ་བཅས་ཡིན་པའི་བཟའ་བཏུང་གིས་མངལ་སྦྲུམ་པའི་སྐབས་སུ་ཚོ་བསོགས་པ་དེ་རིམ་གྱིས་བྱང་དུ་འཇུག་ཐུབ་པས། བཟའ་བཏུང་ལ་ཚོད་འཛིན་གཏན་ནས་བྱེད་མི་དགོས་པ་ཡིན། བྱིས་པ་བཙས་རྗེས་ཀྱི་བཟའ་བཏུང་ལ་རོལ་སྟངས་ནི། བཟའ་བཏུང་ལ་ཚོད་འཛིན་མི་བྱེད་པར་འདང་ཚིམ་པ་ཞིག་ཟོས་ཆོག་མོད། ཚད་ལས་ཀྱང་བརྒལ་མི་རུང་། རྒྱུན་ལྡན་ལྟར་ཟས་ཐུན་གསུམ་པོ་ཟོས་ཆོག གལ་ཏེ་ཟས་ཐུན་གསུམ་པོའི་བར་དུ་ཅུང་ལྟོགས་ན་སིལ་ཏོག་དང་ལ་སེར། ཞོ་སོགས་འཐུང་ཆོག གལ་ཏེ་རྒྱུན་ལྡན་གྱི་འཚོ་བ་རོལ་སྟངས་ཀྱིས་ཚོ་བྱང་དུ་འཇུག་མི་ཐུབ་ན། བཟའ་བཏུང་ལ་ཚོད་འཛིན་ཅུང་ཟད་བྱེད་དགོས་པ་མ་གཏོགས་ཚད་ལས་བརྒལ་བའི་ཚོད་འཛིན་བྱས་ན་ནུ་ཞོ་འབབ་ཚད་ཇེ་ཉུང་ལ་འགྲོ་སྲིད།
མངལ་སྦྲུམ་པའི་སྐབས་དང་འདྲ་བར་ནུ་མ་བསྣུན་བཞིན་པའི་བུད་མེད་རྣམས་ཀྱི་བཟའ་བཏུང་གི་འཚོ་བཅུད་དོ་མཉམ་ཡོང་དགོས། ཟས་རིགས་སྣ་མང་ཟོས་ནས་འཚོ་བཅུད་ཀྱིས་འདང་དགོས་ལ། སྣུམ་ཟས་སྣུམ་ཆུའི་རིགས་མང་ཡང་མི་རུང་། ཁ་ཟས་ཁོ་ནས་འཚོ་རྒྱུ་སྣ་ཚོགས་དང་གཏེར་རྒྱུ། འཚོད་བཅུད་བཅས་དོ་མཉམ་ཡོང་དཀའ་བས། ད་དུང་མུ་མཐུད་དུ་རིགས་སྣ་མང་བའི་འཚོ་རྒྱུ་བེ་ཧྲིན་སུའུ་འཐུང་དགོས། བུད་མེད་རྣམས་ཀྱི་བྱིས་པ་བཙས་རྗེས་ལུས་ཕུང་སླར་སོས་པ་དང་བྱིས་པ་འཚར་ལོངས་འབྱུང་བར་སྤྲི་དཀར་མཁོ་བས། བཟའ་བཅའི་ནང་དུ་ཤའི་རིགས་དང་སྒོ་ངའི་རིགས། སྲན་མའི་རིགས་བཅས་ངེས་པར་དུ་འཛོམས་དགོས་ཤིང་། དེ་མིན་ད་དུང་རྒྱུན་དུ་འོ་མ་འཐུང་དགོས། ནུ་མ་བསྣུན་བཞིན་པའི་ཨ་མས་རང་གི་ལུས་སྟེང་ནས་བྱིས་པར་ཀའེ་རྗས་སྣ་ཚོགས་མཁོ་འདོན་བྱེད་དགོས་པས། རྒྱུན་པར་ཨ་མ་རང་ཉིད་ཀྱི་འོ་མ་དང་ཞོ་སོགས་འཐུང་ནས་ལུས་སྟེང་དུ་ཀའེ་རྫས་ཁ་གསབ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། འོ་མ་དང་ཞོ་འཐུང་མི་ཐུབ་ན། ཀའེ་སྨན་འཐུང་དགོས།
རྒྱུན་པར་ཆུ་མང་པོ་འཐུང་དགོས་ལ། མངར་ཆ་འདུས་པའི་སྐོམ་ཆུའི་རིགས་མ་འཐུང་ན་བཟང་། ཆུའི་འཐུང་ཚད་ཀྱིས་འདང་མིན་དེ་ཕྱོགས་གཉིས་ནས་བལྟས་ཆོག་སྟེ། ཐོག་མར་དྲི་ཆུའི་མདོག་ལ་བརྟག་དགོས། དྲི་ཆུའི་མདོག་ཅུང་སེར་ནག་ཡིན་ཚེ་ཆུ་འཐུང་ཚད་ཉུང་བའི་རྟགས་ཡིན། དེ་ནས་དྲི་ཆུ་ཕྱིར་ཕུད་པའི་གྲངས་ཚད་ལ་བརྟགས་དགོས། ཆུ་འཐུང་ཚད་ཀྱིས་འདང་ཡོད་ན། སྤྱིར་དུས་ཚོད་གསུམ་ནས་བཞི་རེའི་ནང་དུ་དྲི་ཆུ་ཕྱིར་ཐེངས་རེ་ཕུད་དགོས་པ་ཡིན།
འོས་འཚམ་གྱིས་འགུལ་སྐྱོད་བྱེད་དགོས། འགུལ་སྐྱོད་བྱས་ན་ཚོ་བྱང་ཐུབ་པ་དང་། ད་དུང་རུས་པ་དང་ཤ་གྲིམ་སྲ་བརྟན་དུ་བཏང་ནས་ལུས་སྟོབས་ཇེ་བཟང་དུ་གཏོང་ཐུབ། དེ་བས་བྱིས་པ་བཙས་ནས་ཟླ་གཉིས་ཙམ་འགོར་རྗེས་བུད་མེད་རྣམས་ཀྱིས་འོས་འཚམ་གྱིས་ལུས་སྦྱོང་བྱེད་མགོ་བརྩམས་ཆོག བྱིས་པ་བཙས་ནས་ཟླ་གསུམ་ནས་བཞི་ཙམ་འགོར་རྗེས་གཞི་ནས་སྔོན་ཆད་ལྟར་ལུས་སྦྱོང་བྱས་ཆོག གལ་ཏེ་གསུས་སྐྱི་གཤགས་ནས་བྱིས་པ་བཙས་པ་ཡིན་ན། བྱིས་པ་བཙས་ནས་ཟླ་བ་གཉིས་འགོར་རྗེས་ཐོག་མར་འཆམ་འཆམ་དུ་འགྲོ་བ་དང་། དེ་ནས་ཟླ་བ་གསུམ་འགོར་རྗེས་རིམ་གྱིས་འགུལ་སྐྱོད་བྱེད་ཆོག་སྟེ། ཐོག་མར་མགྱོགས་པོར་འགྲོ་བ་དང་། དེ་ནས་རིམ་གྱིས་དལ་མོར་རྒྱུགས་པ་དང་མགྱོགས་པོར་རྒྱུགས་པ། ད་དུང་ཆུར་རྐྱལ་བྱེད་པ་དང་ཡུས་ཅའི(瑜伽)ལུས་རྩལ་སྦྱོང་བརྡར་བཅས་བྱེད་ཆོག
བྱིས་པར་ནུ་མ་བསྣུན་ན་ལུས་ཚོ་ཇེ་ཡང་དུ་འགྲོ་ཐུབ་མིན་དེར་ད་དུང་རྩོད་གཞི་ངེས་ཅན་ཞིག་ཡོད་མོད། མང་ཆེ་བས་ལུས་ཚོ་ཇེ་ཡང་དུ་འགྲོ་ཐུབ་པར་འདོད་ཀྱིན་ཡོད། དེ་ལ་གཞི་འཛིན་ས་གཉིས་ཡོད་དེ། གཅིག་ནི། ཨ་མའི་ནུ་ཞོའི་ནང་དུ་སྣུམ་ཚིལ་ཅུང་འདུས་པས། ཟླ་བཞི་ནས་དྲུག་ཙམ་ལ་ནུ་མ་བསྣུན་ན་ཨ་མའི་ལུས་སྟེང་གི་སྣུམ་ཚིལ་མ་མཐར་ཡང་སྟོང་ཁེ་གཅིག་ཙམ་ཇེ་ཉུང་དུ་འགྲོ་བ་ཡིན། གཉིས་ནས། ནུ་མ་བསྣུན་པའི་སྐབས་སུ། ཉིན་རེར་ཆེས་ཉུང་ནའང་ལུས་སྟེང་ནས་ཚ་ཚད་མང་པོ་ཟད་གྲོན་འགྲོ་བཞིན་ཡོད་པ་རེད། དེ་བས་ནུ་མ་བསྣུན་བཞིན་པའི་སྐབས་སུ་ལུས་ཚོ་མགྱོགས་མྱུར་ངང་བྱང་དུ་བཅུག་ན་མི་བཟང་།
གཉིད་ཀྱིས་འདང་དགོས། གཉིད་བཟང་པོར་ལོག་ན་ལུས་ཚོ་བྱང་བར་ཕན་ཐོགས་ཐུབ། གཉིད་ཀྱིས་མི་འདང་བ་དང་། སེམས་ཁུར་ཆེ་ན་པགས་རྫས་སྐུལ་རྩི་དང་དེ་ལས་གཞན་པའི་སེམས་ཁམས་དང་འབྲེལ་བའི་སྐུལ་རྩི་མང་པོ་ཕྱིར་ཕུད་ནས་ལུས་ཀྱི་ལྗིད་ཚད་དེ་ལས་ལྡོག་སྟེ་ཇེ་མཐོར་གཏོང་སྲིད། གཉིད་མ་ཐུབ་ན། སེམས་ཁམས་མི་དྭངས་པ་དང་། འགུལ་སྐྱོད་བྱེད་མི་འདོད་པས། ལུས་ཕུང་བདེ་ཐང་ལ་ཤིན་ཏུ་གནོད་པ། དེ་བས་བུད་མེད་རྣམས་ཀྱིས་བྱིས་པ་གཉིད་པའི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱང་གཉིད་ནས་ངལ་གསོ་དགོས་ཤིང་། ཉིན་རེར་ཆེས་ཉུང་ནའང་དུས་ཚོད་བདུན་ནས་བརྒྱད་ཙམ་ལ་གཉིད་ཐུབ་པར་བྱེད་དགོས།
གལ་ཏེ་གོང་གི་བྱེད་ཐབས་འདི་དག་སྤྱད་ཀྱང་ཕན་འབྲས་མ་ཐོབ་ཚེ། ངེས་པར་དུ་ཆེད་ལས་ཕྱོགས་ཀྱི་སྨན་པར་སྟོན་དགོས། ལྷག་པར་དུ་འཚོ་བཅུད་ཕྱོགས་ཀྱི་སྨན་པར་བསྟན་ནས་མཛུབ་སྟོན་དང་རོགས་རམ་བྱེད་དུ་འཇུག་དགོས།
གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།