གཟའ་གྲིབ་ཕོག་པའི་ནད་པའི་སླར་སོས་སྦྱོང་བརྡར་བྱེད་ཐབས།
2017.09.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 80

 གཟའ་གྲིབ་ཕོག་པའི་ནད་པར་མཚོན་ན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འགྲོ་འདུག་ལ་སྟབས་ཧ་ཅང་མི་བདེ་བ་རེད། དེར་བརྟེན། རྐང་བའི་འགྲོ་འདུག་གི་ནུས་པ་སླར་གསོ་བྱས་ཏེ་རྒྱུན་ལྡན་དུ་འགྱུར་བར་བྱེད་པ་ནི། གཟའ་གྲིབ་ཕོག་པའི་ནད་པའི་རེ་བ་དང་དམིགས་ཡུལ་གཙོ་བོ་རེད།
གཟའ་གྲིབ་ཕོག་པའི་ནད་པ་མར་བཙོག་པ་དང་ཡར་ལངས་ཐུབ་པའི་སྐབས་སུ། ཁྱིམ་མིས་ནད་པར་རོགས་རམ་བྱས་ནས་རྐང་བའི་འགྲོ་འདུག་གི་ནུས་པ་སླར་སོས་པར་སྦྱོང་བརྡར་བྱེད་དགོས། དེ་ལྟར་བྱས་ཚེ། ད་གཟོད་ནད་པ་རང་ཉིད་དང་ཁྱིམ་མིའི་འབད་བརྩོན་ལ་བརྟེན་ནས་རྒྱུན་ལྡན་ལྟར་འགྲོ་ཐུབ།

གཟའ་གྲིབ་ཕོག་རྗེས་ཀྱི་སླར་སོས་སྦྱོང་བརྡར་ནི་དོན་དངོས་ཐོག་ཡང་བསྐྱར་སློབ་སྦྱོང་གི་གོ་རིམ་ཞིག་ཡིན། གཟའ་གྲིབ་ཕོག་རྗེས་མར་བཙོག་པ་དང་ཡར་ལངས་ཐུབ་པའི་སྐབས་སུ་ མྱུར་དུ་ཁྱིམ་མིའི་རོགས་རམ་འོག་རྐང་པའི་འགྲོ་འདུག་ནུས་པ་སྦྱོང་བརྡར་བྱས་ན། ནད་པས་རྐང་བ་ཇི་ལྟར་འགུལ་སྐྱོད་བྱེད་བདེ་ན་དེ་ལྟར་འགུལ་སྐྱོད་བྱེད་པ་ཡིན་ལ། ནད་གཞི་ཅུང་ཡང་བའི་ནད་པས་འདི་ལྟར་སྦྱོང་བརྡར་བྱས་ནས་རྐང་པའི་འགྲོ་འདུག་གི་ནུས་པ་སླར་སོས་པ་ཡིན་མོད། འོན་ཀྱང་། ནད་པ་མང་ཆེ་བ་ཞིག་གིས་གཟའ་གྲིབ་ཕོག་རྗེས་ཀྱི་ཉིན་འགའི་ནང་རྐང་པའི་ནུས་པ་སླར་གསོ་བྱེད་པའི་སྦྱོང་བརྡར་བྱེད་མི་རུང་། གལ་ཏེ་ཨུ་ཚུགས་གྱིས་རྐང་པའི་ནུས་པ་སླར་གསོ་བྱེད་པའི་སྦྱོང་བརྡར་བྱས་ན་གནད་དོན་འབྱུང་སླ།

སླར་སོས་སྦྱོང་བརྡར་བྱེད་སྐབས། ནད་པ་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས། གྲིབ་སྐྱོན་ཕོག་པའི་རྐང་བ་དེ་མལ་ཁྲིའི་འགྲམ་དུ་བཞག་སྟེ། ཁྱིམ་མིས་ལག་པ་གཅིག་གིས་ནད་པའི་རྐང་པའི་སྲེ་ལོང་ལ་ཡང་མོས་འཇུས་པ་དང་། ལག་པ་ཡ་གཅིག་གིས་པུས་མོར་འཇུས་ནས། ནད་པས་རྐང་པ་རྐྱོང་བསྐུམ་བྱེད་པར་རོགས་རམ་བྱེད་དགོས། ནད་པས་རྐང་པ་རྐྱོང་བསྐུམ་བྱེད་སྐབས། རྐང་པའི་ཕྱི་རྟིང་མལ་ཁྲིའི་ངོས་ནས་ཡར་འགྱོག་མི་རུང་ལ། རྐང་པ་རྐྱོང་སྐུམ་བྱེད་སྐབས་ཡར་འགྱོག་མར་འབབ་བྱེད་པ་ལས་་གཡས་གཡོན་དུ་རྐྱོང་སྐུམ་བྱེད་མི་རུང་། ནད་པས་རང་གིས་ཤེད་བཀོལ་ནས་རྐང་བ་རྐྱོང་སྐུམ་བྱེད་སྐབས་ཁྱིམ་མིས་ནད་པའི་གནས་ཚུལ་ལ་བལྟས་ནས་རོགས་རམ་བྱེད་དགོས།

གོམ་པ་བརྟན་ཞིང་དོ་མཉམ་ཡིན་དགོས། ནད་པར་གཟའ་གྲིབ་ཕོག་རྗེས། འགྲོ་འདུག་གི་སྟབས་མི་བདེ་བས། རྐང་པའི་འདེགས་འགྱོག་དོ་མི་མཉམ་པར་འགྱུར་སྲིད། དེར་བརྟེན། རྐང་པའི་ནུས་པ་སླར་གསོ་བྱེད་ཆེད། མལ་ཁྲིའི་སྟེང་ནས་རྐང་པ་རྐྱོང་སྐུམ་དང་ཡར་ལངས་པའི་སྦྱོང་བརྡར་བྱས་རྗེས། ད་གཟོད་འགྲོ་འདུག་གི་སྦྱོང་བརྡར་བྱེད་དགོས། ཡིན་ནའང་། འགྲོ་འདུག་གི་སྦྱོང་བརྡར་བྱེད་སྐབས་ངེས་པར་དུ་འགྲོ་སྟངས་ལེགས་པོ་རྒྱུན་འཁྱོངས་བྱས་ནས། ནད་པ་ཐང་ལ་འགྱེལ་དུ་འཇུག་མི་རུང་།
གཟའ་གྲིབ་ཕོག་རྗེས་འགྲོ་འདུག་གི་ནུས་པར་གནོད་པ་ཐེབས་སྲིད་པས། རྐང་པའི་ནུས་པ་སླར་གསོ་བྱེད་དགོས་ན། སྦྱོང་བརྡར་མང་པོ་བྱེད་པ་དང་ཆབས་ཅིག་སྦྱོང་བརྡར་གྱི་བྱེད་ཐབས་ཡང་དག་ཡིན་མིན་ལ་དོ་སྣང་བྱེད་དགོས། སླར་སོས་སྦྱོང་བརྡར་ནི་དཀའ་ཁག་ལྡ་པའི་བརྒྱུད་རིམ་ཞིག་ཡིན་པས། ནད་པའི་རྐང་པའི་འགྲོ་འདུག་གི་ནུས་པ་དངོས་གནས་སླར་གསོ་འབྱུང་དགོས་ན། ད་རུང་ཆེད་ལས་སྨན་པའི་མཛུབ་སྟོན་ལ་བསྟེན་དགོས།

ཁྱིམ་མིས་ནད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས་ནད་པའི་སེམས་ཁམས་བདེ་ཐང་ཡོང་བར་བྱེད་དགོས། ནད་པའི་སེམས་ཁམས་ཡངས་བར་བྱེད་ཆེད། ཁྱིམ་མིས་ལྷིང་འཇགས་སྤྲོ་སྐྱིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས། ནད་པའི་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་སེལ་དགོས། གཞན་ད་རུང་ནད་པར་མཉམ་བྱུང་ནད་འབྱུང་བར་གཡོལ་དགོས། རྒྱུན་མཐོང་གི་མཉམ་བྱུང་ནད་ནི་དཔྱི་མགོར་རྨ་རྡོལ་བ་དང་། གཅིན་ལམ་གཉན་ཚད། གློ་ཚད། རྐང་ལག་གི་ཚིགས་འཁྱོག་པ། འཚིག་རྨས་ཐེབས་པ་སོགས་ཡིན་པས། སྨན་པའི་མཛུབ་སྟོན་འོག་སེམས་ཞིབ་མོས་བདག་སྐྱོང་བྱེད་དགོས།
གཟའ་གྲིབ་ཕོག་རྗེས་གཙོ་བོ་རྐང་ལག་ཞ་བ་དང་སྐད་ཆ་དང་རིག་སྟོབས་ལ་གནོད་པ་ཐེབས་སྲིད་པས། སླར་སོས་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ཏེ། ནད་པའི་ཤ་གྲིམ་རྙིད་འཁུམ་ དང་རུས་ཚིགས་སྲ་མཁྲེགས་སུ་འགྱུར་བ་སྔོན་འགོག་བྱེད་དགོས། སྐད་ཆ་དང་རིག་སྟོབས་ཀྱི་ནུས་པ་སླར་སོས་སྦྱོང་བརྡར་ཡང་དེ་བཞིན་ཡིན་དགོས།

བཟའ་བཏུང་གི་ཕྱོགས་ནས་ནད་པར་འཚོ་བཅུད་ལྡན་ཞིང་འཇུ་སླ་བའི་ཟས་རིགས་ཟ་རུ་འཇུག་པ་དང་། ཆུ་ཁོལ་མང་པོ་འཐུང་དུ་དགོས། གཟའ་གྲིབ་ཕོག་པའི་ནད་པས་ཆུ་ཁོལ་མང་པོ་འཐུང་ཚེ་གཅིན་མང་པར་སྐྲག་ནས་ཆུ་ཁོལ་མི་འཐུང་བ་རེད། འདི་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན་ཞིང་། ནད་པས་ཞོགས་པར་ཆུ་ཁོལ་དྲོད་འཇམ་ནང་ཚྭ་ཅུང་ཙམ་བཏབ་ནས་འཐུང་ཚེ་བཤང་བ་སྐམ་པ་སྔོན་འགོག་བྱེད་ཐུབ། ནད་པས་ཇ་ཁ་མོ་དང་ཆང་། འཚིག་ཇ། ལ་ཅོ་སོགས་ཕོག་ཐུག་རང་བཞིན་གྱི་བཟའ་བཏུང་བསྟེན་མི་རུང་། གཞན་ཡང་། གཟའ་གྲིབ་ཕོག་པའི་ནད་པའི་ནད་ཡུན་རིང་བས། ནད་པ་མང་ཆེ་བས་བློ་ཕམ་ཏེ་གསོ་བཅོས་མི་བྱེད་པ་རེད། དེར་བརྟེན། ཁྱིམ་མིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནད་པར་སེམས་གསོ་དང་རོགས་རམ་བྱས་ནས་ནད་པར་ཡིད་ཆེས་ཡོད་དུ་འཇུག་རྒྱུ་དེ་གལ་ཆེ།

ལོ་ཙཱ་བ། འབྲུག་མོ།