བྱིས་པའི་སིལ་ཁུའི་བསྟེན་ཐབས།
2017.09.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 98

 ཉེ་ཆར་ཨ་མེ་རི་ཀའི་བྱིས་པའི་ནད་རིགས་མཐུན་ཚོགས་ཀྱིསལས་སྣོན་བྱས་པའི་སིལ་ཁུ་ནི་ཆེས་བདེ་འཇགས་མིན་པའི་སྐོམ་ཆུའི་རིགས་སུ་གཏོགསཞེས་པའི་འཕྲིན་ཕྲན་ཞིག་སྤེལ་ནས་ག་སར་ཁྱབ་བཞིན་འདུག འཕྲིན་ཕྲན་དེའི་ནང་དུ། ལོ་གཅིག་མ་སོན་པའི་བྱིས་པས་ལས་སྣོན་བྱས་པའི་སིལ་ཁུ་གཏན་ནས་འཐུང་མི་རུང་བ་དང་། སིལ་ཁུ་རྣལ་མ་ཉུང་ཙམ་འཐུང་ནའང་ཇ་ཕོར་རམ་དཀར་ཡོལ་ནང་དུ་འཐུང་བ་ལས་ནུ་ཁུག་ནང་དུ་འཐུང་མི་རུང་ཞིང་། བྱིས་པའི་ཁོག་པ་བཤལ་ནས་ལུས་ཆུ་ཟད་པའི་སྐབས་སུ་སིལ་ཁུས་བཏུང་བྱའི་ཚབ་བྱེད་མི་རུང་ཟེར། འབྲེལ་ཡོད་ཕྱོགས་ཀྱི་ཆེད་མཁས་པས་ཀྱང་གོང་གི་ལྟ་ཚུལ་འདི་དག་ཡང་དག་ཡིན་པའི་བདེན་དཔང་བྱས་ཡོད། 

  སིལ་ཏོག་ནི་ཟ་དགོས་པ་ལས་འཐུང་བའི་ཟས་རིགས་མིན། ཨ་མེ་རི་ཀའི་བྱིས་པའི་ནད་རིགས་མཐུན་ཚོགས་ཀྱིས་ལོ་གཅིག་མ་སོན་པའི་བྱིས་པར་སིལ་ཁུ་གཏན་ནས་འཐུང་དུ་འཇུག་མི་རུང་ཞེས་པའི་མཛུབ་སྟོན་བསམ་འཆར་བཏོན་པ་དེ་ནི་ཧ་ཅང་ཡང་དག་པ་ཞིག་རེད།  དེའི་རྒྱུ་མཚན་ནི། སིལ་ཏོག་གིས་ཆུའི་གྲུབ་ཆ་དང་འཚོ་བཅུད་ཉུང་ངུ་མཁོ་འདོན་བྱེད་པ་ལས་གཞན། ད་དུང་མིའི་ལུས་སྟེང་དུ་མཁོ་བའི་བཟའ་བཅའི་ཚི་སྣའི་རྒྱུ་མཁོ་འདོན་བྱེད་ཐུབ་པ་ཡིན། གལ་ཏེ་སིལ་ཏོག་དེ་སིལ་ཁུ་རུ་བཟོས་ནས་འཐུང་ན། བཟའ་བཅའི་ཚི་སྣའི་རྒྱུ་མང་པོ་ཇེ་ཉུང་དུ་སོང་ནས་སིལ་ཏོག་ཟོས་པ་ལྟ་བུའི་འཚོ་བཅུད་ཀྱི་ཕན་ནུས་ཐོན་མི་ཐུབ།

ཡིན་ནའང་། མཛུབ་སྟོན་བསམ་འཆར་དེ་ཁོ་ན་གཞིར་བཟུང་ནས་ཉིན་རྒྱུན་གྱི་འཚོ་བར་བཀོད་སྒྲིག་བྱས་ནའང་མི་འགྲིག་སྟེ། མཛུབ་སྟོན་བསམ་འཆར་དེའི་ལྟ་ཚུལ་ནི་བདེ་ཐང་ཡིན་པའི་བྱིས་པར་དམིགས་ནས་སྤྱིའི་ཁ་ཕྱོགས་ཙམ་གཏན་ལ་ཕབ་པ་ཡིན་པས། བྱིས་པའི་འཚོ་བཅུད་དོ་མཉམ་ཡོང་དགོས་ན། བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་བྱིས་པའི་བདེ་ཐང་གི་གནས་ཚུལ་ལྟར་འཚོ་བཅུད་གཏན་འཁེལ་བྱེད་དགོས།

 བྱིས་པ་སྐྱེས་ནས་ཟླ་ངོ་དྲུག་སོན་པའི་བར་དུ་ཨ་མའི་ནུ་ཞོས་གསོ་དགོས། ཨ་མའི་ནུ་ཞོ་ནི་བྱིས་པར་མཚོན་ན་ཆེས་ལེགས་པའི་འཚོ་བཅུད་ཡིན་པས། དེ་ལས་ལྷག་པའི་ཞོར་ཟས་ཏེ་སིལ་ཁུ་སོགས་གཏན་ནས་ལྡུད་མི་དགོས། གལ་ཏེ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཨ་མའི་ནུ་མ་ལྡུད་མ་ཐུབ་པའམ་ནུ་ཞོས་མ་འདང་ན། བྱིས་པར་ཆེད་དུ་དམིགས་ནས་བཟོས་པའི་འོ་ཕྱེ་བླུད་ཆོག བྱིས་པའི་བཤང་བ་སྐམ་ཚེ།  ཕན་སྐྱེ་སྲིན(益生菌)ནམ་ཧི་ཧྲིན་ཡོན(合生元)ཞེས་པའི་ལུས་གསོ་སྨན་རྫས་ཅུང་ཙམ་རེ་བླུད་ཆོག་ལ། སིལ་ཁུ་སོགས་གཏན་ནས་ལྡུད་མི་རུང་།

ཟླ་ངོ་དྲུག་ནས་བཅུ་གཉིས་སོན་པའི་བྱིས་པར་ཨ་མའི་ནུ་ཞོ་ལྡུད་པའི་ཞོར་དུ་འོས་འཚམས་སྒོས་ཞོར་ཟས་ཅུང་ཟད་རེ་སྟེར་བ་དང་། སིལ་ཏོག་ལྡེ་གུར་བཟོས་ནས་ཅུང་ཙམ་ནས་རིམ་གྱིས་ཇེ་མང་དུ་བཏང་ནས་བྱིན་ཆོག གལ་ཏེ་བྱིས་པའི་འཇུ་སྟོབས་མི་བཟང་ན་སིལ་ཏོག་རྣལ་མའི་ཁུ་བ་ནི་ཆེས་བཟང་བའི་ཟས་རིགས་ཡིན་པས། ཉིན་རེར་ཧའོ་ཧྲིན་བརྒྱ་ཙམ་བླུད་ཆོག

ལོ་གཅིག་ཡན་གྱི་བྱིས་པའི་བཟའ་བཏུང་གི་ཁྲོད་དུ་སིལ་ཏོག་ནི་མེད་དུ་མི་རུང་བའི་བཟའ་བཅའི་གྲས་ཤིག་ཡིན་པས། དུས་ཚིགས་དང་མཐུན་པའི་སིལ་ཏོག་ཟ་རུ་འཇུག་དགོས་ལ།  སིལ་ཁུ་ཡིས་སིལ་ཏོག་གི་ཚབ་བྱས་ན་མི་བཟང་།  སིལ་ཏོག་དུམ་བུར་བགོས་ནས་བྱིས་པ་རང་ཉིད་ལ་ཟ་རུ་བཅུག་ན། བྱིས་པའི་ཁ་ལག་ལ་སྦྱོང་བརྡར་ཐོབ་ཐུབ་པར་མ་ཟད། འཇུ་བྱེད་མ་ལག་དང་དབང་རྩའི་མ་ལག་འཚར་སྐྱེས་ཡོང་བར་ཡང་ཕན།

ལོ་གསུམ་ནས་དྲུག་ལ་སོན་པའི་བྱིས་པས་མི་དར་མ་ནང་བཞིན་སིལ་ཏོག་སྣ་ཚོགས་ཟོས་ཆོག་ལ། སིལ་ཁུ་ཡིས་སིལ་ཏོག་གི་ཚབ་བྱས་ན་མི་བཟང་། སིལ་ཁུ་ནི་སྐོམ་ཆུའི་རིགས་སུ་གཏོགས་པས་བྱིས་པས་སྐོམ་ཆུའི་ཚབ་བྱས་ནས་འཐུང་རྒྱུར་དགའ།  ཡིན་ནའང་སྐོམ་ཆུའི་མཆོག་ནི་ཆུ་ཁོལ་ཡིན་པས། རྒྱུན་པར་ཆུ་ཁོལ་དྲོད་འཇམ་འཐུང་རུ་བཅུག་ན། བྱིས་པའི་བདེ་ཐང་ལ་ཕན། བརྟག་དཔྱད་མཇུག་འབྲས་ལས་སིལ་ཁུ་འཐུང་རྒྱུར་དགའ་ན་བྱིས་པར་ཚོ་འབུད་སླ་ལ། ཆུ་ཁོལ་འཐུང་ན་ལུས་ཚོ་རན་པར་འགྱུར་སྲིད་ཟེར།

སིལ་ཁུ་ལ་དབྱེ་ན་གསར་དུ་ལྡེ་གུར་བཟོས་པའི་སིལ་ཁུ་དང་ཚོང་ར་ན་བཙོང་བཞིན་པའི་སིལ་ཁུ་སྟེ་རིགས་གཉིས་ཡོད། དེ་ལས་གསར་དུ་ལྡེ་གུར་བཟོས་པའི་སིལ་ཁུ་ནི་སླད་མེད་ཟས་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། དེས་སིལ་ཏོག་ནང་ནི་ཆུའི་གྲུབ་ཆ་དང་འཚོ་རྒྱུ་བེ་ཧྲིན་སུའུ་ཤོར་དུ་བཅུག་མེད་པས་སྐབས་ཐོག་དེར་འཐུང་ན་བཟང་། གསར་དུ་ལྡེ་གུར་བཟོས་པའི་སིལ་ཁུ་ལ་སྦྱོར་རྟ་གང་ཡང་བསྲེས་མེད་པའི་ལྷད་མེད་ཟས་རིགས་ཡིན་ཞིང་། དེ་ལྡེ་གུར་བཟོ་བའི་གོ་རིམ་ཁྲོད་གཙང་སྦྲར་དོ་སྣང་ཆེན་པོ་བྱེད་དགོས་པའི་དུས་མཉམ་དུ་ལྡེ་གུར་བཟོས་ནས་དུས་ཚོད་བཞིའི་ནང་དུ་ངེས་པར་དུ་འཐུང་ཚར་དགོས།

ཚོང་ར་ན་བཙོང་བཞིན་པའི་སིལ་ཁུ་ལའང་རིགས་གཉིས་ཡོད་དེ། རིགས་གཅིག་ནི་སྦྱོར་རྟ་གང་ཡང་བསྲེས་མེད་པའི་སིལ་ཁུ་རྣལ་མ་ཡིན་ཞིང་། དེས་འཇོག་ཡུན་ཇེ་རིང་དུ་གཏོང་ཆེད། སིལ་ཏོག་གི་ཆུའི་གྲུབ་ཆ་ཇེ་ཉུང་དང་མངར་ཆའི་འདུས་ཚད་ཇེ་མཐོར་བཏང་ཡོད་པས། དེ་ལ་འབུ་ཕྲ་འགོག་པའི་ནུས་པ་ལྡན་པ་ཡིན། སིལ་ཁུ་འདིའི་རིགས་ལ་མངར་ཆའི་འདུས་ཚད་མཐོ་བས་གཏན་འཁེལ་གྱི་དུས་ཡུན་ནང་དུ་འཐུང་ཚར་དགོས། རིགས་གཞན་ཞིག་ནི། རྫས་འགྱུར་གྱི་སྦྱོར་རྟ་བསྲེས་ཡོད་པའི་སིལ་ཁུའི་རིགས་ཡིན། དེ་ལ་མདོག་ཡག་ཅིང་བྲོ་བ་ཞིམ་པའི་སྦྱོར་རྟ་བསྲེས་ཡོད་པས་ཚོང་ཧ་ཅང་བྲིན་ལ། དེའི་ནང་དུ་རུལ་འགོག་གི་རྫས་དང་ཟས་རིགས་ཀྱི་སྦྱོར་རྟ་གང་མང་ཡོད་པས། རབ་ཡིན་ན་བྱིས་པར་མི་ལྡུད་པ་དང་མི་དར་མས་ཀྱང་ཉུང་འཐུང་བྱས་ན་བཟང་། །  

ལོ་ཙཱ་བ། འབྲུག་མོ།