མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་ཟོག་ཕན་ཚུན་བར་ཐུམ་འབུའི་ནད་འགོ་བར་འགོག་བཅོས་བྱེད་པའི་བྱ་བ་ཧུར་ཐག་གི་སྤེལ།
2017.09.25 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་ཕན་ཚུན་བར་ཐུམ་འབུའི་ནད་འགོ་བར་འགོག་བཅོས་བྱེད་པའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་སྡེ་ཁག་གིས་འགོ་ནད་ཚོད་འཛིན་བྱེད་པ་ནས་མགོ་བརྩམས་ཏེ་སྒོ་ཁྱིའི་ཐོ་འགོད་དང་དོ་དམ། སྒོ་ཁྱིའི་གནོད་འབུ་མེད་པར་གཏོང་བ་དང་ཚོད་འཛིན་བྱེད་པ། སྲོག་ཆགས་དང་ཐོན་རྫས་གཞན་པའི་རིམས་ནད་ཞིབ་བཤེར་དང་དོ་དམ་བྱ་བ་དམ་འཛིན་བྱས་ཏེ་ཕྱུགས་ཟོག་ཕན་ཚུན་བར་ཐུམ་འབུའི་ནད་འགོ་བར་ཚོད་འཛིན་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐུམ་འབུའི་ནད་ནི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ་ཡོད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཡོད་པའི་འགོས་ནད་ཚབས་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་པ་ཆེས་ཚབས་ཆེ་བའི་ཞིང་ཆེན་ཡིན་པ་དང་། ཐུམ་འབུའི་ནད་ཀྱི་བྱུང་རིམ་ཅུང་རིང་བ་དང་ནད་བབ་ཚབས་ཆེན་ཡིན་པས། ཐུམ་འབུའི་ནད་ནི་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་མང་ཚོགས་དག་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྤྱི་བའི་འཕྲོད་བསྟེན་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དམིགས་འབེན་འགན་འཁྲི་དོ་དམ་དང་འགོག་བཅོས་བྱ་བའི་སྙན་ཞུ། སྒོ་ཁྱིའི་གནོད་འབུ་མེད་པར་གཏོང་བ། ཞིབ་བཤེར་ལ་སྐུལ་འདེད་གཏོང་བ་དང་འགོག་བཅོས་ཕན་ནུས་ལ་དཔྱད་ཞིབ་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང། ས་ཆ་སོ་སོས་ས་ཁུལ་རང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བྱ་བའི་བྱེད་ཐབས་གསར་གཏོད་བྱས་པ་དང་ཕྱུགས་ཟོག་ཕན་ཚུན་བར་ཐུམ་འབུའི་ནད་འགོ་བར་འགོག་བཅོས་བྱེད་པའི་བྱ་བར་བྱེད་ཐབས་མང་པོ་སྤྱད་པ་དང་ནུས་ཡོད་བྱེད་ཐབས་འཚོལ་ཞིབ་བྱས། ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་བཏང་ནས་གཙོ་བོར་ཞིང་ཆེན་ཡོངས་ཀྱི་སྒོ་ཁྱིའི་གནོད་འབུ་མེད་པར་གཏོང་བ་དང་བདེ་ཐང་སློབ་གསོ། ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པ་དང་ཁྱོན་ཡོངས་ནས་ཕྱུགས་ཟོག་ཕན་ཚུན་བར་ཐུམ་འབུའི་ནད་འགོ་བར་འགོག་བཅོས་བྱེད་པའི་འགུལ་སྤྱོད་སྤེལ་ཏེ་གྲུབ་འབྲས་མངོན་གསལ་བླངས།

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་ཡོངས་སུ་སྒོ་ཁྱི་འབུམ་ལྔ་དང་ཁྲི་བདུན་ལྷག་ཐོ་འགོད་བྱས་ཡོད་པ་དང་བསྡོམས་པས་སྒོ་ཁྱི་བྱེ་བ་གཅིག་ལྷག་དང་ཁྱི་ལྡོམ་འབུམ་གསུམ་དང་ཁྲི་དྲུག་ལྷག་གི་གནོད་འབུ་མེད་པར་བཏང་།

རྩོམ་སྒྲིག་པ། འབྲུག་མོ།