ཐུམ་འབུའི་ནད་ནི་རོང་འབྲོག་ས་ཁུལ་དུ་འགོས་ཚབས་ཆེ་ལ་མི་ཕྱུགས་གཉིས་ཀར་འབྱུང་སླ་བའི་ནད་རིགས་ཤིག་ཡིན་ཞིང་། དེ་ནི་སྒོ་ཁྱིའི་ལུས་སྟེང་གི་རྒྱུ་སྲིན་ལེབ་མོའི་འབུ་སྒོང་མིའི་ལུས་སྟེང་དུ་འགོས་མཆེད་བྱུང་བ་ཞིག་རེད། ཉེ་བའི་ལོ་འདི་འགར། རང་ཞིང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། ཐུམ་འབུའི་ནད་ཡོད་མེད་ལ་བརྟག་དཔྱད་དང་། བདེ་ཐང་སློབ་གསོ། ཐུམ་འབུའི་ནད་བཅོས་སྐྱོང་ས་ཚུགས་འཛུགས་སྐྲུན། འཇོན་མི་གསོ་སྦྱོང་སོགས་བྱས་པར་མ་ཟད། ཞིང་ལས་མཉམ་ལས་དང་། མ་མཐའི་འཚོ་བའི་འགན་སྲུང་། སྙིང་རྗེ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ཀྱི་རོགས་རམ་ལ་བརྟེན་ནས། མཚོ་སྔོན་ས་ཁུལ་དུ་རིན་མེད་སྒོས་ཐུམ་འབུའི་ནད་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱུང་ཡོད་པ་རེད།
ཉིས་སྟོང་བཅུ་དྲུག་ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཐུམ་འབུའི་ནད་འགོག་བཅོས་བྱེད་པར་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་བ་དང་། ཞིང་ཆེན་རིམ་པའི་ཐུམ་འབུའི་ནད་གསོ་བཅོས་བྱེད་པའི་ལྟེ་གནས་གཅིག་དང་། ཐུམ་འབུའི་ནད་འགོག་བཅོས་དང་ཞིབ་འཇུག་བྱེད་ས་གཅིག་བཅས་དང་། ཁུལ་རིམ་པའི་ཐུམ་འབུའི་ནད་གསོ་བཅོས་བྱེད་པའི་ས་ཚུགས་གཉིས་བཅས་འཛུགས་སྐྲུན་བྱས་ནས། མི་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་ལ་བརྟག་དཔྱད་བྱས་པ་དང་། གསར་དུ་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་སྟོང་གཉིས་དང་ཉིས་བརྒྱ་ལྷག་ལ་རིན་མེད་སྒོས་སྨན་བཅོས་བྱས་པ་རེད།
ད་ལོར།མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། གཙོ་བོ་ཡུལ་ཤུལ་ཁུལ་དང་། མགོ་ལོག་ས་ཁུལ་གྱི་མང་ཚོགས་ལ་བརྟག་དཔྱད་བྱེད་པ་དང་། བདེ་ཐང་སློབ་གསོ་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ནས། ཁུལ་དང་རྫོང་རིམ་པའི་རིམས་ནད་སྔོན་འགོག་སྡེ་ཁག་གི་གཞི་རྩའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བར་མ་ཟད། ད་ལོའི་ལོ་མཇུག་བར་མི་ས་ཡ་གཉིས་ལྷག་ལ་བརྟག་དཔྱད་བྱེད་པ་བརྩོན་ལེན་བྱས་ནས། བསྡོམས་པས་མི་ས་ཡ་བཞི་དང་འབུམ་དྲུག་ལྷག་ལ་བརྟག་དཔྱད་བྱས་པས། བརྟག་དཔྱད་བྱས་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་བསླེབས་པ་དང་། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོས་མི་ས་ཡ་གཅིག་དང་ཁྲི་བདུན་ཙམ་ལ་བརྟག་དཔྱད་བྱས་པ་དང་། གསར་དུ་ཐུམ་པའི་ནད་བྱུང་བའི་ནད་པ་དགུ་བརྒྱ་དང་ལྔ་ཙམ་ཡོད་པ་ཚང་མར་རིན་མེད་སྒོས་གཤགས་བཅོས་བྱས་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།