ཉེ་ཆར་གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་ལས་རྨས་ཉེན་ཚབ། བུ་སྐྱེ་ཉེན་ཚབ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱ་བ་ཡོངས་སུ་གྲུབ་ནས། རང་ཞིང་གི་སྨན་རྫས་དཀར་ཆག་གི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། གཞི་རྩའི་སྟེང་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མང་ཚོགས་ཀྱི་སྨན་གྱི་དགོས་མཁོ་བསྐངས་འདུག
སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་ཉེན་ཚབ་ཁེ་དབང་ལ་འགན་སྲུང་ནན་ཏན་བྱེད་པ་དང་སྨན་བཅོས་ཉེན་ཚབ་ཀྱི་སྨན་སྤྱོད་དོ་དམ་ལ་འཆར་འགོད་བྱེད་པ། ད་དུང་སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་འཆར་བཀོད་ལྟར། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་སྦྱར་ཏེ། དུས་ཡུན་ཟླ་ངོ་བདུན་གྱི་འབད་འབུངས་བརྒྱུད་སྨན་བཅོས་ཉེན་ཚབ་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱ་བ་ཡོངས་སུ་ལེགས་པར་གྲུབ། ལེགས་སྒྲིག་བྱས་རྗེས་རང་ཞིང་གི་སྨན་རྫས་དཀར་ཆག་ལ་ཁྱོན་སྡོམས་པས་སྨན་སྣ་སྟོང་གཉིས་དང་བདུན་བརྒྱ་སོ་གསུམ་ཡོད་ལ། དེའི་ནང་ཕྱི་ལུགས་ཀྱི་སྨན་སྣ་སྟོང་གཅིག་སུམ་བརྒྱ་རེ་བཞི་དང་ཀྲུང་ལུགས་ཀྱི་སྨན་སྣ་སྟོང་གཅིག་སུམ་བརྒྱ་རེ་དགུ་ཡོད་ལ། སྤྱི་ལོ་ཉིས་སྟོང་བཅུ་ལོའི་སྨན་རྫས་དཀར་ཆག་དང་བསྡུར་ན་སྨན་སྣ་ཉིས་བརྒྱ་དང་དགུ་ཇེ་མང་དུ་སོང་སྟེ། བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་འཕར་བ་རེད།
ཐེངས་འདིའི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱ་བས་གོམ་གང་མདུན་སྤོས་སྒོས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཉེན་ཚབ་ཀྱི་སྨན་རྫས་དཀར་ཆག་གི་སྒྲིག་གཞི་སྤུས་དག་དང་དཀར་ཆག་གི་ཁྱབ་ཁོངས་ཆེ་རུ་བཏང་ནས། སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མང་ཚོགས་རྣམས་ཀྱི་སྨན་གྱི་དགོས་མཁོ་བསྐངས་བར་མ་ཟད། སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་སྲུང་སྐྱོབ་བྱས།
རྩོམ་སྒྲིག་པ། འབྲུག་མོ།