དྲེག་ནད་བྱུང་བའི་ནད་པས་བཟའ་བཏུང་བསྟེན་ཚུལ།
2017.10.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 141

 གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲེག་ནད་གཉིས་ཀྱི་འབྱུང་རྐྱེན་དེ་དུས་རྒྱུན་གྱི་བཟའ་བཏུང་དང་འབྲེལ་བ་དམ་པོ་ཡོད། དེ་བས་བཟའ་བཏུང་ལ་ཚོད་འཛིན་རྒྱུ་ ནི་ཧ་ཅང་གལ་ཆེ། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲག་ནད་བྱུང་བའི་ནད་པའི་བཟའ་བཏུང་གི་བསྟེན་ཚུལ་ཅི་འདྲ་ཡིན་ནམ་ཞེ་ན། སྤྱི་ལོ2017ལོའི་ཟླ8པའིཚེས1ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིསགཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲེག་ནད་བྱུང་བའི་ནད་པའི་བཟའ་བཏུང་གི་བསྟེན་ཚུལ་སྐོར་གྱི་མཛུབ་སྟོན་བསམ་འཆརཞེས་པ་འགྲེམ་སྤེལ་བྱས་ཡོད་པས། གཤམ་དུ་ང་ཚོས་དེའི་སྐོར་ལ་རྒྱུས་ལོན་ཞིག་བྱེད།

གཅིག ཕུ་རོན་གྱི་འདུས་ཚད་མཐོ་བའི་ཟས་རིགས་མ་ཟོས་ན་བཟང་།

དྲེག་ནད་ནི་ནཱ་རྐྱང་བའི་གཅིན་སྐྱུར་ཚྭ་འབྱིང་ལས་བསླངས་པའི་ཤེལ་གཟུགས་དང་འབྲེལ་བའི་རང་བཞིན་གྱི་རུས་ཚིགས་ཀྱི་ནད་ཅིག་ཡིན། དེ་ཉིད་ཕུ་རོན་རྙིང་ཚབ་གསར་བྱེད་འཁྲུག་པའམ་ཡང་ན་གཅིན་སྐྱུར་ཕྱིར་ཕུད་ཚད་ཇེ་ཉུང་དུ་གྱུར་བ་ལས་བསླངས་པའི་གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་ཐད་ཀར་དུ་འབྲེལ་བ་ཡོད། གཅིན་སྐྱུར་མཐོ་བའི་ཁྲག་ནད་ཀྱི་བརྟག་དཔྱད་ངོས་འཛིན་གྱི་ཚད་གཞི་ནི། རྒྱུན་ལྡན་སྒོས་བཟའ་བཏུང་བསྟེན་པའི་གནས་ཚུལ་འོག ཉིན་གཉིས་ལ་ལྟོ་སྟོང་དུ་ཁྲག་བླངས་ནས་གཅིན་སྐྱུར་རྩབས་ཀྱིས་བྱེད་ཐབས་ལྟར་ཁྲག་སྐྱིན་སྐྱུར་གྱི་ཚད་ལ་ཞིབ་བཤེར་བྱས་ཏེ། སྐྱེས་པའི་ཚད་གཞི་དེ་ཁྲག་ཧྲིན་རེའི་ནང་དུ་གཅིན་སྐྱུར་གྱི་འདུས་ཚད་བའེ་མའོ་ཨར420ལས་མཐོ་བའམ་ཡང་ན་སྐྱེས་མའི་ཚད་གཞི་དེ་ཁྲག་ཧྲིན་རེའི་ནང་དུ་གཅིན་སྐྱུར་གྱི་འདུས་ཚད་བའེ་མའོ་ཨར360ལས་མཐོ་བ་དེ་ཡིན།

  དུས་རྒྱུན་གྱི་འཚོ་བའི་ཁྲོད། རབ་ཡིན་ན་ཕུ་རོནམཐོ་བའི་ཟས་རིགས་མ་ཟོས་ན་བཟང་། དེ་ཡང་གཙོ་བོར་སྲོག་ཆགས་ཀྱི་ནང་ཁྲོལ་དང་། འགྲོན་བུའི་རིགས་དང་ཤ་སྨི་སོགས་ཕྱི་ལྐོགས་ཅན་གྱི་མཚོ་ཐོན་ཟས་རིགས་དང་ཤ་ཁུ་བཙན་པོ་སོགས་མི་ཟ་བའམ་མ་འཐུང་ན་བཟང་། ནད་པས་ངེས་པར་དུ་ཚོད་འཛིན་བྱེད་དགོས་པའི་ཕུ་རོན་གྱི་གྲུབ་ཆ་འདུས་ཚད་མཐོ་བའི་ཟས་རིགས་གཙོ་བོ་ནི། ཤའི་རིགས་ཏེ། དཔེར་ན། སྐམ་ཤ་དང་ལུག་ཤ། ཕག་ཤ་སོགས་དང་། ཉ་ཤའི་རིགས་བཅས་དང་དེ་མིན་བུ་རམ་སོགས་ཀྱི་གྲུབ་ཆའི་འདུས་ཚད་མཐོ་བའི་ཟས་རིགས་དང་ཆང་བཅུད་འདུས་པའི་སྐོམ་ཆུ་བཅས་དང་། ལྷག་པར་དུ་ཝུ་ཆང་དང་ཆང་དཀར་སོགས་ལྟ་བུ་རེད།

  ཤའི་རིགས་གང་ཞིག་ཟ་ཆོག་པ་དང་གང་ཞིག་ཟ་མི་ཆོག་པ་ཡིན་ནམ་ཞེ་ན།

ཞིབ་འཇུག་བྱས་པ་ལས། ནང་ཁྲོལ་དང་། སྐམ་ཤ་དང་ལུག་ཤ ཕག་ཤ་བཅས་དང་། ཉ་ཤ་སོགས་མཚོ་ཐོན་ཟས་རིགས་བཅས་ནི་དྲེག་ནད་དང་གཅིན་སྐྱུར་མཐོ་བའི་ཁྲག་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། མཚོ་ཐོན་ཟས་རིགས་སྣ་ཚོགས་དང་སྐམ་ཤ་ལུག་ཤ་སོགས་ལས་ཁྱིམ་བྱའི་རིགས་ཀྱི་སྤྲི་དཀར་ལ་མཚོན་ན་བལྟོས་བཅས་ཀྱིས་ཁྲག་གཅིན་སྐྱུར་ལ་ཤུགས་རྐྱེན་ཐེབས་ཚད་ཅུང་དམའ་བས། ནད་པ་རྣམས་ཀྱིས་ཟས་རིགས་དེ་སྲོག་ཆགས་སྤྲི་དཀར་གྱི་ཡོང་ཁུངས་གཙོ་བོ་བྱས་ཆོག འོན་ཀྱང་ཁྱིམ་བྱའི་སྤྱི་པགས་ཀྱི་ནང་དུ་ཕུ་རོན་གྱི་གྲུབ་ཆའི་འདུས་ཚད་མཐོ་དྲགས་པས་དེ་མ་ཟོས་ན་བཟང་ཟེར།

  དྲེག་ནད་བྱུང་ཚེ། ཆང་གང་ཞིག་འཐུང་ཆོག་གམ་ཞེ་ན།  ཆང་ལ་རིགས་མང་བས་ཆང་རིགས་ཡོད་ཚད་འཐུང་མི་ཆོག་པའི་ངེས་པ་མེད། ཝུ་ཆང་གིས་དྲེག་ནད་སློང་བའི་ཉེན་ཁ་ལྷག་ཏུ་ཆེ་ཞིང་ཆང་དཀར་འཐུང་ནའང་དྲེག་ནད་ལ་ཤིན་ཏུ་གནོད། ཡིན་ནའང་ཆང་དམར་འཐུང་ན་གནོད་པ་དེ་འདྲའི་མངོན་གསལ་ཅིག་མེད་པར་མ་ཟད། ཞིབ་འཇུག་བྱས་པ་ལས་ཆང་དམར་ཉུང་ཙམ་འཐུང་ན་ད་དུང་གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་དྲེག་ནད་འཕར་བར་སྔོན་འགོག་བྱེད་ཐུབ་ཟེར། མདོར་བསྡུས་ན། དྲེག་ནད་བྱུང་བའི་ནད་པས་ཝུ་ཆང་དང་ཆང་དཀར་མི་འཐུང་བ་དང་། ཆང་དམར་ཉུང་ཙམ་འཐུང་ན་ལུས་ཕུང་བདེ་ཐང་ལ་ཕན་པ་ཡིན།

  འོ་བཅུད་ཉུང་བ་དང་ཡང་ན་འོ་བཅུད་བླངས་ཟིན་པའི་འོ་མ་དང་འོ་མའི་ཐོན་རྫས་བསྟེན་དགོས།

  1.འོ་མའི་ཐོན་རྫས་ཀྱི་ཕྱོགས་ནས། འོ་བཅུད་ཉུང་བ་དང་འོ་བཅུད་བླངས་ཟིན་པའི་འོ་མ་དང་འོ་མའི་ཐོན་རྫས་ཀྱིས་ཁྲག་སྐྱིན་སྐྱུར་གྱི་ཚད་ཇེ་དམར་གཏོང་ཐུབ་ཅིང་དྲེག་ནད་འཕར་ཚད་ཇེ་ཉུང་དུ་གཏོང་ཐུབ། འོ་བཅུད་ཉུང་བ་དང་འོ་བཅུད་བླངས་ཟིན་པའི་འོ་མ་དང་འོ་མའི་ཐོན་རྫས་ཉིན་རེར་ཧའོ་ཧྲིན300ཙམ་འཐུང་དགོས།

2.སྒོ་ངའི་ཕྱོགས་ནས། གལ་ཏེ་ཁྲག་ཚིལ་མཐོ་བ་སོགས་ཀྱི་བསྡོངས་ཟླའི་ནད་མེད་ན་ཉིན་རེར་བྱ་སྒོང་གཅིག་རེ་ཟོས་ཆོག

3.སྔོ་ཚོད་དང་སིལ་ཏོག་གི་སྐོར་ནས། གླང་རྔ་དང་ཚལ་ནག ཤ་མོ། ཆུར་ཚལ་སོགས་ལ་ཕུ་རོན་གྱི་འདུས་ཚད་མཐོ་བས་དྲེག་ནད་བྱུང་བའི་ནད་པས་སྔོ་ཚོད་དེའི་རིགས་མ་ཟོས་ན་བཟང་། ཡིན་ནའང་མིག་སྔར་བལྟས་ན། ཕུ་རོན་གྱི་འདུས་ཚད་མཐོ་བའི་སྔོ་ཚོད་དང་དྲེག་ནད་འཕར་བ་དང་གཅིན་སྐྱུར་མཐོ་བའི་ཁྲག་ནད་བཅས་བར་མངོན་གསལ་གྱིས་འབྲེལ་བ་མེད་པས། ཕུ་རོན་གྱི་འདུས་ཚད་མཐོ་བའི་སྔོ་ཚོད་ལ་འཛེམ་དགོས་དོན་ཆེར་མེད་པར་འདོད། སིལ་ཏོག་གི་ནང་དུ་ཅཱའི་གཞི་རྒྱུ་དང་འཚོ་རྒྱུ་བེ་ཧྲིན་སུའུcམང་པོ་འདུས་པས། དྲེག་ནད་ལ་སྲུང་སྐྱོབ་བཟང་པོ་བྱེད་ཐུབ། ཡིན་ནའང་མཉམ་འཇོག་བྱེད་དགོས་པ་ཞིག་ནི། མངར་ཆའི་འདུས་ཚད་མཐོ་བའི་སིལ་ཏོག་གི་རིགས་ཏེ་དཔེར་ན་ཀུ་ཤུ་དང་ཚ་ལི་མ། ཨ་འབྲ། ངང་ལག་སོགས་ཟོས་ན་དྲེག་ནད་ཇེ་སྡུག་ཏུ་གཏོང་སྲིད་ལ། མངར་ཆའི་འདུས་ཚད་དམའ་བའི་སིལ་ཏོག་སྟེ། དཔེར་ན། སེའུ་དང་འབྲི་ཏ་ས་འཛིན། ཐང་འབྲས། ཆུ་ཀུབ། ཁམ་བུ་སོགས་ཟོས་ན་དྲེག་ནད་ལ་ཕན།

4.བཏུང་བྱའི་སྐོར་ནས། དྲེག་ནད་བྱུང་བའི་ནད་པས་མ་མཐར་ཡང་ཉིན་རེར་ཆུ་ཧའོ་ཧྲིན2000ཙམ་འཐུང་དགོས། སྐོམ་ཆུར་ཇ་འཐུང་ཆོག་མིན་དེར་མིག་སྔར་ད་དུང་རྩོད་གཞི་མང་པོ་ཡོད། ཕྱོགས་གཅིག་ནས་རྒྱུན་པར་ཇ་འཐུང་ན་མཁལ་མས་གཅིན་སྐྱུར་ཕྱིར་ཕུད་པར་ཕན་པ་དང། ཕྱོགས་གཞན་ཞིག་ནས། ཇ་ལྗང་འཐུང་ཚད་དང་གཅིན་སྐྱུར་གྱི་ཚད་གཉིས་ལ་འབྲེལ་བ་ཡོད་ཅིང་། ཇ་དམར་གྱིས་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་ཟེར། ཚིག་ཇ་ཡིས་དྲེག་ནད་འཕར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་སྲིད་པས། དྲེག་ནད་བྱུང་ཡོད་པའི་ནད་པ་རྣམས་ཀྱིས་ཚིག་ཇ་འཐུང་ཆོག་མོད། ཡིན་ནའང་འཐུང་ཚད་མང་མི་རུང་།

བཟའ་བཏུང་གི་བསྟེན་ཚད་ཀྱི་སྐོར་ནས་མི་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་དགོས།

ཉིན་རེའི་བཟའ་བཏུང་གི་བསྟེན་ཚད་དེ་ནད་པའི་དབྱེ་བ་དང་ལོ་ཚོད། གཟུགས་ཀྱི་རིང་ཚད་དང་ལུས་ཀྱི་ལྗིད་ཚད། འགུལ་སྐྱོད་བྱེད་ཚད་བཅས་ཀྱི་གནས་ཚུལ་དང་བསྟུན་ནས་ཐག་གཅོད་བྱེད་དགོས་པ་ཡིན། མདོར་ན་གཅིན་སྐྱུར་མཐོ་བ་དང་དྲེག་ནད་བྱུང་བའི་ནད་པའི་བཟའ་བཏུང་གི་བསྟེན་ཚུལ་སྐོར་གྱི་མཛུབ་སྟོན་བསམ་ཆར་ལས། ནད་པ་རང་ཉིད་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་ལུགས་མཐུན་གྱིས་བཟའ་བཏུང་བསྟེན་པའི་གོམས་གཤིས་དང་འཚོ་བ་རོལ་སྟངས་ལེགས་པོ་ཞིག་ཆགས་དགོས་པ་དང་། ཕུ་རོན་གྱི་འདུས་ཚད་མཐོ་བའི་ཤའི་རིགས་ལ་ཚོད་འཛིན་བྱེད་པ། ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བཅས་བྱེད་དགོས་པ་དང་།  ཆོས་ཉིད་ཡོད་པའི་སྒོ་ནས་གཅིན་སྐྱུར་ལ་སྨན་རྫས་ཀྱི་གསོ་བཅོས་བྱེད་དགོས་པར་མ་ཟད། དུས་གཏན་འཁེལ་སྒོས་བརྟག་དཔྱད་སྨན་བཅོས་བྱེད་དགོས།

ལོ་ཙཱ་བ། འབྲུག་མོ།