མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ཀྱིས་བྱིས་པར་ནུ་མ་བསྣུན་ཆོག་གམ།
2017.10.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 52

མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ཀྱིས་བྱིས་པར་ནུ་མ་བསྣུན་ཆོག་མིན་ཐད་ནུ་ཞོའི་ནང་གི་ནད་དུག་ལ་ཞིབ་བཤེར་བྱེད་དགོས་སམ་ཞེ་ན།

གཅིག་ནས། རྒྱལ་སྤྱི་རྒྱལ་ནང་གི་མཆིན་ནད་ལྡེམ་བུར་སྔོན་འགོག་དང་གསོ་བཅོས་བྱེད་པའི་མཛུབ་སྟོན་བསམ་འཆར་ཁྲོད་ཨ་མའི་ནུ་ཞོའི་ནང་གི་མཆིན་ནད་ལྡེམ་བུའི་ནད་དུག་ལ་ཞིབ་བཤེར་བྱེད་དགོས་པ་ཞིག་བཀོད་མེད་པ་རེད། གཉིས་ནས་ཞིབ་བཤེར་བྱས་རྗེས་མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་ཨ་མའི་ནུ་ཞོའི་ནང་དུ ་དངོས་གནས་མཆིན་ནད་ལྡེམ་བུའི་ནད་དུག་ཡོད་པ་ཤེས་མོད། འོན་ཀྱང་ནུ་ཞོའི་ནང་གི་ནད་དུག་གི་འདུས་ཚད་དེ་ཧ་ཅང་ཉུང་ཉུང་ཡིན་པར་མ་ཟད། ཟླ་འགའ་འགོར་ནས་ཡང་བསྐྱར་ཞིབ་བཤེར་བྱེད་དུས་བུད་མེད་མང་ཆེ་བའི་ནུ་ཞོའི་ཁྲོད་ཅི་ཡང་མཐོང་མི་ཐུབ་ལ། བརྒྱ་ཆའི་བཅོ་བརྒྱད་ཙམ་གྱི་བུད་མེད་ཀྱི་ནུ་ཞོའི་ནང་ད་དུང་ནད་དུག་ཉུང་ཙམ་འདུས་པ་མཐོང་ཐུབ། དེར་མ་ཟད་གསོ་རིག་གི་བདེན་དཔང་ལས་མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ཀྱི་ནད་དུག་གི་གནས་ཚུལ་ག་འདྲ་ཡིན་རུང་། གསར་སྐྱེས་བྱིས་པར་ཚད་ལྡན་གྱི་རིམས་འགོག་སྨན་ཁབ་བརྒྱབ་རྗེས། ཨ་མའི་ནུ་ཞོ་ལས་བྱིས་པར་མཆིན་ནད་ལྡེམ་བུའི་ནད་དུག་གང་ཡང་བགོ་མི་སྲིད་པ་གསལ་བཤད་གང་ལེགས་བྱས་ཡོད། དེར་བརྟེན་མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ཀྱིས་བྱིས་པར་ནུ་མ་བསྣུན་ཆོག

ཨ་མས་ནུ་མ་བསྣུན་ན་མཆིན་ནད་ལྡེམ་བུའི་དུག་སྲིན་འགོག་རྫས་མེད་པར་བཟོ་སྲིད་དམ།

མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ལ་ལས་རང་གི་བྱིས་པར་བརྟག་དཔྱད་བྱས་པའི་མཇུག་འབྲས་བཟུང་ནས་སྨན་པར་འདྲི་རྒྱུར། “ངའི་བྱིས་པའི་ལུས་སྟེང་གི་དུག་སྲིན་འགོག་རྫས་ཇེ་དམར་གྱུར་ཡོད་པས། ངས་མུ་མཐུད་དུ་བྱིས་པར་ནུ་མ་བསྣུན་ཆོག་གམ། ད་དུང་མུ་མཐུད་དུ་ནུ་མ་བསྣུན་ན་བྱིས་པའི་ལུས་སྟེང་གི་དུག་སྲིན་འགོག་རྫས་མེད་པར་བཟོ་སྲིད་དམ”ཟེར། བྱིས་པ་སྐྱེས་མ་ཐག་མཆིན་ནད་ལྡེམ་བུའི་འགོག་སྨན་ཐེངས་གཅིག་བརྒྱབ་པ་ལས་གཞན། བྱིས་པའི་ལུས་སྟེང་གི་དུག་སྲིན་འགོག་རྫས་ཀྱི་འབྱུང་ཁུངས་གཙོ་བོ་ནི་མཆིན་ནད་ལྡེམ་བུའི་འགོག་སྨན་གྱིས་ཤུགས་རྐྱེན་ཐེབས་པ་ལས་བྱུང་བ་རེད།

མཆིན་ནད་ལྡེམ་བུའི་འགོག་སྨན་ནི་རྒྱུད་རྒྱུ་ཚོ་སྒྲིག་བྱས་པའི་འགོག་སྨན་ཡིན་པས་དེ་ཧ་ཅང་བདེ་འཇགས་ཡིན། འགོག་སྨན་དེས་ལུས་སྟེང་དུ་མཆིན་ནད་ལྡེམ་བུའི་ནད་དུག་ལྟར་མཆིན་པའི་ཕྲ་ཕུང་ལ་གནོད་མི་བསྐྱལ་བར་དེ་ལས་ལྡོག་སྟེ་ལུས་སྟེང་དུ་རིམས་འགོག་མ་ལག་གི་སྟོབས་ཇེ་ཆེར་བསྒྱུར་ནས་མཆིན་ནད་ལྡེམ་བུའི་ནད་དུག་གི་གནོད་པ་འགོག་པ་ཡིན། བྱིས་པའི་ལུས་སྟེང་དུ་དུག་སྲིན་འགོག་རྫས་གྲུབ་རྗེས་མཆིན་ནད་ལྡེམ་བུའི་ནད་དུག་གི་གདོད་འགོག་ལུས་སྟེང་དུ་སོང་བའི་དབང་དུ་བཏང་ནའང་། དེས་དུག་སྲིན་འགོག་རྫས་ཇེ་དམར་གཏོང་མི་ཐུབ་པར་མ་ཟད། ད་དུང་དེ་ལས་ལྡོག་སྟེ་རིམས་འགོག་ཕྲ་ཕུང་ལ་ཤུགས་རྐྱེན་བཟོས་ནས་དུག་སྲིན་འགོག་འགོག་རྫས་དེ་ལས་མང་པོ་བསྐྱེད་ཐུབ།

དུག་སྲིན་འགོག་རྫས་ཇེ་དམར་གྱུར་བ་དེ་གདོད་འགོག་མེད་པར་བཟོས་པ་ཞིག་གཏན་ནས་མིན་པར། དུག་སྲིན་འགོག་རྫས་རང་སྟེང་ནས་རྙིང་ཚབ་གསར་བརྗེ་བྱེད་པ་ཞིག་ཡིན། དཔེར་ན་ལུས་སྟེང་གི་ཕྲ་ཕུང་དམར་པོའི་གསོན་ཚད་དེ་ཉིན་བརྒྱ་དང་ཉི་ཤུ་ཡིན་ཞིང་། ཚེ་ཚད་ལ་ཐོན་དུས་དུག་སྲིན་འགོག་རྫས་རང་ཤུགས་ཀྱིས་བརྗེ་འགྲོ་བ་ལྟ་བུ་རེད། རིམས་འགོག་ཕྲ་ཕུང་གིས་ད་དུང་རྒྱུན་མི་ཆད་པར་དུག་སྲིན་འགོག་རྫས་མང་པོ་བསྐྱེད་ནས་ཁ་གསབ་བྱེད་སྲིད། གལ་ཏེ་གདོད་འགོག་གིས་བསྐྱར་དུ་ལུས་སྟེང་དུ་ཕོག་ཐུག་མ་བཏང་ན་ཁ་གསབ་བྱས་པའི་དུག་སྲིན་འགོག་རྫས་ཀྱི་ཐོན་ཚད་དེ་རིམ་གྱིས་ཇེ་ཉུང་དུ་འགྲོ་ཞིང་། ཐེངས་རྗེས་མའི་གདོད་འགོག་ལུས་སྟེང་དུ་ཐོན་ཚེ་ཡང་བསྐྱར་ཇེ་མང་དུ་འགྲོ་བ་ཡིན། དེར་མ་ཟད་ཞིབ་འཇུག་རྣམ་གྲངས་མང་པོ་ལས། ཨ་མས་ནུ་ཞོས་མཆིན་ནད་ལྡེམ་བུའི་འགོག་སྨན་གྱི་རིམས་འགོག་ཕན་ནུས་ལ་ཤུགས་རྐྱེན་ཅི་ཡང་མི་ཐེབས་པ་ར་སྤྲོད་གསལ་བོར་བྱས་ཡོད།

ནུ་མགོ་ཅུང་ཟད་བཤུས་ཚེ་བྱིས་པར་ནུ་མ་བསྣུན་ཆོག་གམ

སྐབས་འགར། མཆིན་ནད་ལྡེམ་བུ་བྱུང་ཡོད་པའི་བུད་མེད་ལ་ལས་བྱིས་པར་ནུ་མ་བསྣུན་ནས་ནུ་མགོ་ཅུང་བཤུས་ཚེ། མུ་མཐུད་དུ་བྱིས་པར་ནུ་མ་བསྣུན་ཆོག་མིན་ལ་སེམས་ཁུར་བྱེད་བཞིན་ཡོད། དུས་རབས་ཉེར་གཅིག་པའི་ཚུན་ལ་ཞིབ་འཇུག་མང་པོ་ལས་བདེན་དཔང་བྱས་པ་ལྟར་ན། ཨ་མའི་ནུ་ཞོ་ལས་མཆིན་ནད་ལྡེམ་བུའི་ནད་དུག་དེ་བུ་ལ་བགོ་མི་སྲིད་པར་མ་ཟད། བྱིས་པར་ནུ་མ་བསྣུན་ནས་ནུ་མགོ་བཤུས་ཚེ་མུ་མཐུད་དུ་བསྣུན་མི་ཆོག་པ་ཞིག་ཀྱང་བཤད་མེད་པ་རེད། གོང་དུ་བཤད་ཟིན་པ་ལྟར། བྱིས་པར་མཆིན་ནད་ལྡེམ་བུའི་འགོག་སྨན་བརྒྱབ་རྗེས་ལུས་སྟེང་དུ་མཆིན་ནད་ལྡེམ་བུའི་དུག་སྲིན་འགོག་རྫས་གྲུབ་ཡོད་པས། ཨ་མའི་ལུས་སྟེང་གི་ནད་དུག་ཡོད་ཚད་འགོག་ཐུབ་པ་ཡིན། དེ་བས་ཨ་མའི་ནུ་མགོ་རལ་ནས་ནུ་ཞོའི་ནང་གི་ནད་དུག་ཇེ་མང་དུ་གྱུར་ནའང་བྱིས་པར་བགོ་མི་སྲིད། དེར་མ་ཟད། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་མཆིན་ནད་ལྡེམ་བུའི་འགོག་བཅོས་རྩ་གནད་ཀྱི་ནང་དུའང་ནུ་མགོར་སྐྱི་བཤུས་བཏོད་ཚེ་ནུ་མ་བསྣུན་མི་ཆོག་པ་ཞིག་གཏན་ནས་བཤད་མེད། །

ལོ་ཙཱ་བ། འབྲུག་མོ།