བདེ་ཐང་གི་འཚོ་བ་རོལ་སྟངས་ལེགས་པོ་ཞིག་ཆགས་པར་འབད་དགོས།
2017.11.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 54

བདེ་ཐང་གི་གལ་ཆེན་རང་བཞིན་སྐོར་གླེང་ན། བདེ་ཐང་ནི་ཡོད་ཚད་ཀྱི་ཡོད་ཚད་ལས་ཆེས་གལ་ཆེ་ཞིང་གཞི་རྩར་གྱུར་བའི་གནད་དོན་ཞིག་ཡིན། མི་ཞིག་འཇིག་རྟེན་དུ་འཚོ་གནས་བྱེད་ན་ཐོག་མར་བདེ་ཐང་གི་འབྱུང་གཞི་ཞིག་ཡོད་ཚེ། ད་གཟོད་ལས་དོན་དང་གོ་གནས། རྒྱུ་ནོར། བརྩེ་དུང་། ཁྱིམ་ཚང་དང་མཚན་སྙན་གྲགས་སོགས་ཀྱང་རང་བཞིན་གྱིས་བརྩོན་ལེན་བྱེད་ཐུབ་པ་ཞིག་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་ལ་བཞག་པའི་མཚན་ཉིད་ནི།“བདེ་ཐང་ནི་ལུས་པོར་ནད་མེད་པའམ་ལུས་སྟོབས་བཟང་བ་ཁོ་ནར་གོ་བ་ཙམ་ཞིག་མིན་པར། དེ་ནི་སྐྱེས་ལུགས་དང་སེམས་ཁམས། སྤྱི་ཚོགས་དང་འཚམས་པ་བཅས་ཕྱོགས་གསུམ་པོའི་གནས་ཚུལ་ཧ་ཅང་ལེགས་པའི་སྣང་ཚུལ་ཞིག་ལ་གོ”བ་ཡིན། དེས་ན་ཇི་ལྟར་བདེ་ཐང་ཡོང་བར་བྱེད་དགོས་སམ་ཞེ་ན། གཤམ་གྱི་དོན་ཚན་བཅུ་བོ་འདི་ལེགས་པོར་སྒྲུབ་དགོས་སྙམ།

གཅིག དམིགས་འབེན་གཅིག་པོ་ཡིད་ལ་དམ་པོར་འཛིན་པ།

ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱེད་རྒྱུ་ནི་དམིགས་འབེན་ཡིན་ལ། ལུས་ཚོ་བའི་མི་ཞིག་ལ་མཚོན་ནས་བཤད་ན་ལུས་ཀྱི་ཚོ་བྱང་དུ་འཇུག་རྒྱུ་ནི་ལས་སླ་མོ་ཞིག་མིན། ལུས་སྐམ་པའི་མིས་ལུས་ཐོག་ཏུ་ཚོ་བསོགས་ཏུ་འཇུག་རྒྱུའང་དེ་བཞིན་དུ་དཀའ། སྤྱིར་ལུས་ཚོ་བའི་མིའི་ཟས་ཟ་མའི་ཡི་ག་ཧ་ཅང་བཟང་བས་ཟས་གང་ཡིན་ཟ་རྒྱུར་དགའ་ཞིང་ཆམ་ནད་བྱུང་ནས་ཚ་རྒྱས་པའི་སྐབས་སུའང་ཟ་མའི་ཡི་གར་གནོད་པ་ཅི་ཡང་མེད་པས། ལུས་ཀྱི་ལྗིད་ཚད་ལའང་འགྱུར་ལྡོག་འབྱུང་མི་སྲིད། ཡིན་ནའང་ཤ་སྐེམ་པའི་མི་ནི་རྒྱུན་པར་ཟས་ལ་ཁ་འདེམ་ཆེ་ཞིང་ཟ་ཚད་ཉུང་བ། ཡང་ན་ཟས་ལ་ཡི་ག་མེད་ཅིང་ཕོ་བའི་འཇུ་སྟོབས་མི་བཟང་བས། ཅུང་ཟད་ཙམ་གྱིས་ཀྱང་ལུས་ཀྱི་ལྗིད་ཚད་རྒྱ་མ་འགའི་ཇེ་ཡང་དུ་འགྲོ་སྲིད།

གཉིས། བྱེད་ཐབས་གཉིས་སྟེ་ཟས་དང་སྤྱོད་ལམ་ལ་བརྟེན་ནས་ལུས་ཀྱི་ལྗིད་ཚད་སྙོམ་སྒྲིག་བྱེད་པ།

དེ་ནི་ཟས་ལ་ཚོད་འཛིན་པ་དང་འོས་འཚམ་གྱིས་འགུལ་སྐྱོད་བྱེད་དགོས་པར་བསྟན་པ་ཡིན། ལུས་ཀྱི་ཚོ་བྱང་བར་འདོད་ན་ཁ་ཟས་ལ་ཚོད་འཛིན་དགོས། ཟས་ཐུན་རེ་རེ་རྒྱགས་དྲགས་པ་ཞིག་མི་འཐུང་བར་འབྲིང་ཙམ་འཐུང་དགོས་ཏེ། དཔེར་ན། ཕོ་བའི་སུམ་ཆའི་གཅིག་ཟས་དང་སུམ་ཆའི་གཅིག་ཆུ། ལྷག་མའི་སུམ་ཆའི་གཅིག་ནི་རླུང་གི་གནས་ཏེ་སྟོང་བར་འཇོག་དགོས་པ་ལྟ་བུ་རེད། དེ་ལས་ལྡོག་སྟེ། ལུས་ཚོ་བསོགས་པར་འདོད་ན། ཉིན་རེར་ནུས་ཚད་བརྒྱ་ཆའི་བཅུ་ནས་ཉི་ཤུ་ཙམ་ཁ་སྣོན་བྱེད་དགོས། ནུས་ཚད་ཀྱི་ཡོང་ཁུངས་གཙོ་བོ་ནི། འབྲས་དང་ཕྱེ། ཞོག་ཁོག་གི་རིགས་དང་སིལ་ཏོག་སོགས་ཁྲོད་ཀྱི་ཐན་ཆུ་འདྲེས་སྦྱོར་དངོས་རྫས་དང་། ཤ་དང་སྒོ་ང་། འོ་མ། སྲན་མ་བཅས་ཁྲོད་ཀྱི་སྤྲི་དཀར་དང་ཚིལ་སྣུམ། ད་དུང་ཤིང་འབྲས་དང་བཟའ་བཅའི་ཁྲོད་ཀྱི་སྣུམ་ཞགས་བཅས་ཡིན། དེ་བས་ཟས་རིགས་འདི་དག་གི་ཟ་ཚད་ལེགས་སྒྲིག་བྱེད་དགོས། དེས་ན་ཟས་ཐུན་རེ་རེའི་ཟ་ཚད་ཇི་ལྟར་གཏན་འཁེལ་བྱེད་དགོས་སམ་ཞེ་ན། ཆེས་སྟབས་བདེའི་བྱེད་ཐབས་ནི་དཔེར་ན། ཉིན་གུང་གི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་གུང་ཇ་འཐུང་བའི་དུས་ཚོད་ལ་ཐོན་དུས་ལྟོགས་སྣང་ཡོད་དགོས། དེང་སྐབས་མི་མང་པོར་འཐུང་རན་ན་ཐོན་ཟིན་ནའང་ལྟོགས་སྣང་ཅུང་ཟད་མེད་པ་རེད། འགུལ་སྐྱོད་བྱས་ན་ཕྱོགས་གཅིག་ནས་ནུས་ཚད་ལྷག་མ་རྣམས་ཟད་གྲོན་དུ་བཏང་ནས་་ལུས་ཚོ་བྱང་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས་ལུས་ཀྱི་ཤ་གྲིམ་གྱི་ཚད་ཇེ་མང་དུ་བཏང་ནས་རྙིང་ཚབ་གསར་འབྱེད་བྱེད་ཐུབ། ང་ཚོས་ལུས་ཚོ་བྱང་དུ་འཇུག་པའི་དམིགས་ཡུལ་ནི་ལུས་ཀྱི་ཚིལ་ཇེ་ཉུང་དང་ཤ་གྲིམ་ཇེ་མང་དུ་གཏོང་ཆེད་ཡིན། ལུས་ཚོ་བསོག་ཏུ་འཇུག་པའི་དམིགས་ཡུལ་ནི་ཤ་གྲིམ་ཇེ་མང་དུ་གཏོང་ཆེད་ཡིན་པས། ཁང་བའི་ནང་དུ་སྦྱོང་བརྡར་བྱེད་པ་དང་སྒོའི་ཕྱི་རོལ་དུ་སོང་ནས་སྦྱོང་བརྡར་བྱེད་པ་གཉིས་ཟུང་འབྲེལ་བྱེད་དགོས།

གསུམ། ཟས་ཐུན་གསུམ་པོ་ངེས་པར་དུ་དུས་ལྟར་ཟ་བ།

ཞོགས་ཟས་དེ་སྔ་དྲོའི་དུས་ཚོད་བདུན་ནས་བརྒྱད་ཙམ་དང་། གུང་ཟས་ནི་སྔ་དྲོའི་དུས་བཅུ་གཅིག་དང་ཕྱེད་ཀ་ནས་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་བར། དགོང་ཟས་ནི་ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀ་ནས་དུས་ཚོད་དྲུག་དང་ཕྱེད་ཀའི་བར་དེར་འཐུང་ན་ཅུང་འོས་འཚམས་ཡིན། གུང་ཟས་དང་དགོང་ཟས་ཀྱི་བར་ཐག་ཅུང་རིང་བས་ཕྱི་དྲོའི་དུས་ཚོད་གསུམ་ནས་བཞིའི་མཚམས་སུ་ཟས་ཐུན་ལྷག་མ་ཞིག་ཁ་སྣོན་བྱས་ཆོག ཟས་ཐུན་རེ་རེར་ཕྱེའི་རིགས་གཙོར་བཟུང་ནས་ཤ་དང་སྒོ་ང་། འོ་མ། སྔོ་ཚོད་བཅས་ཟ་བ་དང། ཟས་ཐུན་ལྷག་མར་སིལ་ཏོག་དང་ཤིང་འབྲས་ཉུང་ཙམ་རེ་ཟོས་ཆོག

བཞི། ཟས་རིགས་སྣ་བཞི་ལེགས་པར་སྡེབ་པ།

ཟས་རིགས་སྣ་བཞི་ནི། ཞོག་ཁོག་གི་རིགས་དང་། སྔོ་ཚོད་དང་སིལ་ཏོག་གི་རིགས། ཤ་དང་སྒོ་ངའི་རིགས། ཤིང་འབྲས་དང་ཚིལ་སྣུམ་གྱི་རིགས་བཅས་ཡིན་ཞིང་། ཚང་མས་རང་ཉིད་ཀྱི་དགོས་མཁོ་ལྟར་ལུགས་མཐུན་སྒོས་ཟས་རིགས་སྣ་བཞི་བོ་དེ་ལེགས་པར་སྡེབ་ནས་ཟ་དགོས།

ལྔ། མདོག་ལྡན་ཟས་རིགས་སྣ་ཚོགས་ཏེ་ཁ་དོག་ལྔ་ལྡན་གྱི་ཟས་རིགས་ཟ་དགོས།

ཟས་རིགས་བདམས་ཐབས་གཞན་ཞིག་ནི་ཁ་དོག་ལྟར་བདམས་དགོས་ཏེ། དཀར་སེར་དམར་སྔོ་དང་ནག་པོ་བཅས་ཀྱི་ཟས་རིགས་ཟ་དགོས། དཔེར་ན་ཁ་དོག་དཀར་པོའི་ཟས་རིགས་ནི། འབྲས་དང་ཕྱེ། འོ་མ། ཞོག་རྒོད་སོགས་ལྟ་བུ་དང་། ཁ་དོག་དམར་པོའི་ཟས་རིགས་ནི་ཁྲེ་རྒོད་འབྲུ་དང་སྲན་དམར། ཙོལ་རིལ། སྐྱུ་རུ་ར་སོགས་ལྟ་བུ། ཁ་དོག་སེར་པོའི་ཟས་རིགས་ནི་ཁྲེ་དང་མ་རྨོས་ལོ་ཏོག ཚ་ལུ་མ། ཨ་མྲ་སོགས་ལྟ་བུ། ཁ་དོག་ནག་པོའི་ཟས་རིགས་ནི་འབྲས་ནག་དང་སྲན་ནག ཤིང་ཤ་མོ་ནག་པོ་སོགས་ལྟ་བུ། ཁ་དོག་སྔོན་པོའི་ཟས་རིགས་ནི། ལྕ་ཚལ་དང་ཨ་རུ་ར་སོགས་ལྟ་བུ་རེད།

དྲུག སྦྱོང་བརྡར་བྱེད་པའི་དུས་ཚོད་དྲུག་པོ་དམ་འཛིན་བྱེད་པ།

ཉིན་རེར་སྦྱོང་བརྡར་ཐེངས་དྲུག་རེ་དང་ཐེངས་རེར་དུས་ཚོད་སྐར་མ་བཅུའི་ཡན་བྱེད་དགོས། ལས་ཚོགས་སུ་འགྲོ་བའི་ལམ་དུ་སྐར་མ་བཅུ་ནས་བཅོ་ལྔ་ཙམ་ལ་རྐང་ཐང་དུ་འགྲོ་བའམ་ལྕགས་རྟར་ཞོན་ནས་འགྲོ་བ། སྔ་དྲོར་ལུས་སྦྱོང་ཅུང་ཙམ་བྱེད་པ། གུང་ཟས་ཀྱི་རྗེས་སུ་སྐར་མ་བཅོ་ལྔ་ཙམ་ལ་འཆམ་འཆམ་དུ་འགྲོ་བ། ཕྱི་དྲོར་ཡང་བསྐྱར་ལུས་སྦྱོང་ཅུང་ཙམ་བྱེད་པ། ལས་ཚོགས་གྲོལ་རྗེས་ཡང་བསྐྱར་སྐར་མ་བཅུ་ནས་བཅོ་ལྔ་ཙམ་ལ་རྐང་ཐང་དུ་འགྲོ་བའམ་ལྕགས་རྟར་ཞོན་ནས་འགྲོ་བ། དགོང་ཟས་ཀྱི་རྗེས་སུ་སྐར་མ་སུམ་ཅུ་ནས་བཞི་བཅུར་ལུས་སྦྱོང་བྱེད་པ་བཅས་བྱེད་དགོས། ཡང་ན་ཉིན་རེར་ཐེངས་གསུམ་ནས་བཞི་ཙམ་གྱི་དུས་ཚོད་བཙལ་ནས་སྦྱོང་བརྡར་བྱས་ན་ཉིན་གཅིག་གི་འགུལ་སྐྱོད་དེ་ཚད་དང་རན་པ་ཡིན།

བདུན། ཡིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཉམས་སྣང་བདུན་པོར་ཚོད་འཛིན་བྱེད་པ།

ང་ཚོ་མི་སུ་ཞིག་ཡིན་རུང་སེམས་སུ་ཉམས་སྣང་སྣ་ཚོགས་ཀྱིས་ཁེངས་ཡོད། གསོ་རིག་གི་སྟེང་ནས་དེ་ལ་དགའ་བ་དང་། ཁྲོ་བ། སྐྱོ་བ། སྐྲག་པ། ཤ་ཚ། ཞེན་ལོག འདོད་པ་སོགས་ཉམས་སྣང་བདུན་ཟེར། དགའ་དྲགས་པ་དང་སྡུག་དྲགས་པ། སྐྲག་ཐག་ཆོད་པ་བཅས་ཀྱིས་ལུས་ཕུང་བདེ་ཐང་ལ་མི་ལེགས་པའི་ཤུགས་རྐྱེན་སྣ་ཚོགས་ཐེབས་སྲིད། ཚབས་ཆེ་དུས་ད་དུང་དབང་རྫས་རང་བཞིན་གྱི་ནད་འགྱུར་རམ་སེམས་ཁམས་ལ་འགལ་རྐྱེན་ཐེབས་སྲིད། དཔེར་ན་ནད་པ་མང་པོའི་སེམས་ཁམས་ལ་གཡོ་འཁྱོམ་འབྱུང་བའི་སྐབས་སུ་ཀླད་སྙིང་ཁྲག་རྩའི་ནད་རིགས་སོགས་འབྱུང་བ་ལྟ་བུ་རེད། དེ་བས་གནས་ཚུལ་ཅི་འདྲར་ཐུག་རུང་སེམས་ཁམས་སྙོམས་པོར་གནས་རྒྱུ་ནི་ཤིན་ཏུ་གལ་ཆེ།

བརྒྱད། ཉིན་རྒྱུན་དུས་ཚོད་བརྒྱད་ཙམ་ལ་བློ་རིག་སྒྲིམ་ནས་བྱ་བ་སྒྲུབ་པ།

སློབ་སྦྱོང་དང་བྱ་བ་ནི་མི་ཚེའི་བྱ་གཞག་གལ་ཆེན་ཡིན་པས། ང་ཚོས་བཟའ་བཏུང་ཁོ་ན་དོན་དུ་མི་གཉེར་བར། ཉིན་རྒྱུན་དུས་ཚོད་བརྒྱད་ཙམ་ལ་བློ་རིག་སྒྲིམ་ནས་སློབ་སྦྱོང་དང་བྱ་བར་འབད་དེ་གྲུབ་འབྲས་ཐོབ་པར་བརྩོན་དགོས། དེང་སྐབས་ད་དུང་བཤད་ཚུལ་གཞན་ཞིག་ཡོད་པ་ནི། ཉིན་རྒྱུན་དུད་ཚོད་བརྒྱད་ལས་ལྷག་པའི་འབད་བརྩོན་དང་དེ་ལས་ཐོབ་པའི་གྲུབ་འབྲས་ནི་དོ་མཉམ་རེད་ཟེར།

དགུ། ཆང་ཉུང་འཐུང་བྱེད་པ།

ཆང་ལ་བརྟེན་ནས་བདེ་ཐང་ཡོང་བར་བྱེད་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན། ཆང་གིས་ནུས་ཚད་ཇེ་མང་དུ་གཏོང་བ་མ་གཏོགས། འཚོ་བཅུད་རིག་པའི་ཕྱོགས་ནས་ད་དུང་ཆང་ལ་འཚོ་བཅུད་ལྡན་པ་ཞིག་གཏན་ནས་བཤད་མེད་པས། ཆང་ཉུང་འཐུང་བྱེད་པའམ་ཡང་ན་ཆང་བཅད་ན་ལེགས། །

ལོ་ཙཱ་བ། འབྲུག་མོ།