ཁྲག་ཤེད་མཐོ་བའི་ནད་པ་མང་པོ་ཞིག་གིས་ཁྲག་ཤེད་མཐོ་བ་དེར་རང་ཉིད་ལ་ནད་རྟགས་ཅི་ཡང་མེད་པས་དེ་ནི་ནད་ཆེན་པོ་ཞིག་ཏུ་མི་བརྩི་བ་དང་། གསོ་བཅོས་ཀྱང་མི་བྱེད་པར་སྣང་མེད་དུ་བསྐྱུར་བཞིན་ཡོད། དེ་ལྟར་གཏན་ནས་བྱེད་མི་རུང་སྟེ། ཁྲག་ཤེད་མཐོ་བའི་ནད་ཀྱི་གནོད་པ་ཆེས་ཆེན་པོ་ནི་མི་རྣམས་ཀྱིས་མ་ཤེས་མ་ཚོར་བར་ལུས་ཡོངས་ཀྱི་དབང་བོ་རྣམས་ལ་བསྟུད་མུར་གནོད་པ་བཟོས་ནས་གསོ་དཀའ་བའི་ནད་རིགས་དང་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་བསྡོངས་ཟླའི་ནད་སྣ་ཚོགས་བསྐྱེད་སྲིད། ནད་པ་རང་ཉིད་ལ་མངོན་རྟགས་གསལ་བོ་ཡོད་པའི་སྐབས་སུ་ཡོད་ཚད་འཕྱིས་སོང་བ་རེད། གཤམ་དུ་ང་ཚོས་ཁྲག་ཤེད་མཐོ་བའི་ནད་ཀྱིས་ལུས་ཁམས་ལ་གནོད་པ་ཚབས་ཆེན་གང་དག་བཟོ་སྲིད་པའི་སྐོར་ངོ་སྤྲོད་ཅིག་བྱེད།
དང་པོ་སེམས་ཁམས་མི་སྐྱིད་པར་བཟོ་སྲིད།
ཁྲག་ཤེད་ཇེ་མཐོར་སོང་ཚེ། སྙིང་གིས་ནུས་པ་ཆེན་པོ་བཏོན་ནས་ཁྲག་རྒྱུན་ལུས་ཡོངས་སུ་འཁོར་སྐྱོད་བྱེད་དུ་འཇུག་དགོས་པས། སྙིང་གི་ཁུར་བོ་ཇེ་ལྗིད་དུ་བཏང་བ་རེད། གལ་ཏེ་ཁྲག་ཤེད་བསྟུད་མུར་ཇེ་མཐོར་སོང་ན། སྙིང་ཤའི་ཕྲ་ཕུང་གིས་དུས་ཡུན་རིང་པོར་ཐེག་ཚད་ལས་བརྒལ་བའི་འགུལ་སྐྱོད་བྱེད་དགོས་པས། དེའི་ཕྲ་ཕུང་གི་གྲངས་ཀ་ཇེ་མང་དུ་གྱུར་ནས་སྙིང་ཤག་ཇེ་མཐུག་ཏུ་གཏོང་སྲིད། སྙིང་ཤག་ཇེ་མཐུག་ཏུ་གྱུར་བའི་གནོད་པ་ཤིན་ཏུ་ཚབས་ཆེ་སྟེ། ཕྱོགས་གཅིག་ནས། ཕྲ་ཕུང་གི་གྲངས་ཀ་ཚད་ལས་བརྒལ་བའི་ངང་ཇེ་མང་དུ་གྱུར་ཚེ་ནུས་ཚད་དེ་ལས་ཀྱང་མང་པོ་ཟད་གྲོན་དུ་གཏོང་བར་མ་ཟད། ཐ་ན་སྙིང་གི་སྙིང་གི་འབྱེད་ཟུམ་གྱི་ནུས་པ་ཇེ་ལེགས་སུ་གྱུར་བ་ལས་ཐོན་པའི་ཕན་ནུས་དེའང་མེད་པར་བཟོ་སྲིད། ཕྱོགས་གཞན་ཞིག་ནས་སྙིང་ཤག་ཇེ་མཐུག་ཏུ་གྱུར་ན་སྙིང་ཤག་གི་ཤོང་ཚད་ཇེ་ཆུང་དུ་གྱུར་ནས། སྙིང་གིས་ལུས་ཁམས་ཡོངས་སུ་བསྐྱལ་བའི་ཁྲག་རྒྱུན་དེ་ཇེ་ཉུང་དུ་འགྲོ་སྲིད།
དུས་ཡུན་རིང་བོར་ཁྲག་རྒྱུན་གྱི་གནོན་ཤུགས་མཐོན་པོས་ཁྲག་རྩར་ཕོག་ཐུག་ཐེབས་ན་འཇམ་འདྲའི་སྲ་འགྱུར་དུ་འགྱུར་སླ་སྟེ། དེའི་མངོན་རྟགས་ནི་ཁྲག་རྩ་སྲ་མོ་དང་ཇེ་ཕྲར་འགྱུར་བ་ལྟ་བུ་རེད། གལ་ཏེ་སྙིང་ཁམས་ལ་འཚོ་བཅུད་མཁོ་འདོན་བྱེད་པའི་པྲོག་རྩའི་ཁྲག་རྩར་དེ་ལྟ་བུའི་འགྱུར་ལྡོག་བྱུང་ཚེ་ཁྲག་རྒྱུན་ཆད་པའི་སྣང་ཚུལ་ཡང་འབྱུང་སྲིད་སྟེ། དེའི་མངོན་རྟགས་ནི་ནད་པའི་བྲང་ཁ་ན་བ་སོགས་འབྱུང་། གལ་ཏེ་ནད་རྟགས་དེ་དག་དུས་ཐོག་ཏུ་སླར་གསོ་བྱུང་ནས་རྒྱུན་ལྡན་དུ་འགྱུར་མ་ཐུབ་ཚེ། ནད་རིགས་ཚབས་ཆེན་སྟེ“སྙིང་ཤ་ཁེགས་ཤི”སོགས་འབྱུང་སྲིད་ཅིང་། དེ་ནི་ནད་ཐོག་ཏུ་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་གློ་བུར་བའི་ནད་རིགས་ཁྲོད་ཀྱི་གཅིག་ཡིན་པས། ངེས་པར་དུ་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་ཐབས་སྤྱོད་དགོས།
གཉིས་པ། གཟའ་གྲིབ་ཕོག་ཏུ་འཇུག་སྲིད།
གཟའ་གྲིབ་ཕོག་པ་ནི་ཀླད་པའི་ཁྲག་རྩར་ནད་འགྱུར་བྱུང་ནས་ཀླད་རྩའི་ཕྲ་ཕུང་ལ་ཤི་འདྲིལ་བྱུང་བ་ལས་བསླངས་པའི་ནད་ཐོག་གི་ནད་རྟགས་ཞིག་ཡིན། དེ་ལ་ལུས་ཀྱི་གཞོགས་ཕྱེད་འགུལ་མི་ཐུབ་པའམ་ཚོར་བ་ཉམས་པ། སྐད་ཆ་བཤད་མི་ཐུབ་པ་སོགས་ཡོད་ལ། ཁྲག་ཤེད་མཐོ་བ་ནི་ཁྲག་རྩར་ནད་འགྱུར་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་གཙོ་བོ་རེད། དུས་ཡུན་རིང་པོར་ཁྲག་ཤེད་མཐོན་པོས་ཁྲག་རྒྱུན་གྱིས་གནོན་ཤུགས་ཐེབས་ན་ཁྲག་རྩ་སྲ་མོར་འགྱུར་བའམ་ཡང་ན་ཉམས་ཞན་དུ་གྱུར་ནས་ཁྲག་རྩ་བརྡོལ་སླ་ཞིང་། དེ་ལ་བརྟེན་ནས་ཁྲག་བརྡོལ་བའི་རང་བཞིན་གྱི་ཀླད་པར་གཟའ་གྲིབ་ཕོག་སྲིད། དེ་ལས་གཞན་ཁྲག་ཤེད་མཐོ་བ་ལས་བསླངས་པའི་འཇམ་འདྲའི་སྲ་འགྱུར་གྱིས་ཁྲག་རྩ་ཇེ་ཕྲར་གཏོང་བའམ་ཡང་ན་འགག་ཏུ་བཅུག་ནས། ཀླད་རྩའི་ཕྲ་ཕུང་གིས་ཁྲག་འདོན་མ་ཐུབ་པ་ལས་ཁྲག་དཀོན་པའི་རང་བཞིན་གྱི་ཀླད་པར་གཟའ་གྲིབ་ཕོག་ཏུ་འཇུག་སྲིད།
ནད་འགྱུར་འབྱུང་ཚད་ཅུང་ཡང་བའི་ནད་པར་མགོ་ཡུ་འཁོར་བ་དང་། ལུས་ཤུགས་མེད་པ། མིག་ལམ་དུ་ནག་འཐིབ་བེར་འགྱུར་བ་སོགས་ཀྱི་ནད་རྟགས་ཡོད་ལ། ནད་རྟགས་དེ་དུས་ཚོད་ཉེར་བཞིའི་ནང་དུ་རང་ཤུགས་ཀྱིས་མེད་པར་འགྱུར་བ་དེ་ལ་གནས་སྐབས་རང་བཞིན་གྱི་ཀླད་པར་ཁྲག་གིས་མ་འདང་བའི་རྟགས་ཟེར། གཟའ་གྲིབ་ཕོག་ནས་ཤི་བའམ་དབང་བོ་སྐྱོན་ཅན་དུ་གཏོང་བའི་ཉེན་ཁའི་ཚབས་ཤིན་ཏུ་ཆེ་བས། ཁྲག་ཤེད་མཐོ་བའི་ནད་པས་བསྡོངས་ཟླའི་ནད་རིགས་དེ་དག་འབྱུང་བར་སྔོན་འགོག་གང་ལེགས་བྱེད་དགོས།
གསུམ། མིག་ལོང་བར་བསྒྱུར་སྲིད།
ཁྲག་ཤེད་མཐོ་བའི་ནད་ལ་ད་དུང་བསྡོངས་ཟླའི་ནད་རིགས་ཚབས་ཆེན་ཞིག་ཡོད་པ་ནི་མིག་ནད་རེད། ཤེས་པའི་གནས་ཚུལ་ལྟར་ན། ཁྲག་ཤེད་མཐོ་བ་ཅུང་ཚབས་ཆེ་བའི་སྐབས་སུ་མིག་ལ་ནད་འགྱུར་འབྱུང་སྲིད། ཁྲག་ཤེད་མཐོ་བའི་ནད་པས་ཁྲག་རྩའི་ལྡེམ་ཤུགས་ཀྱི་ནུས་པ་ཞན་པས། ཁྲག་ཤེད་ཆེས་མཐོ་བའི་སྐབས་སུ་ཁྲག་རྩ་བརྡོལ་བའི་ཉེན་ཁ་ཤིན་ཏུ་ཆེ། དུས་མཚུངས་སུ། ཁྲག་ཤེད་མཐོ་བའི་ནད་པའི་འཕར་རྩ་ཇེ་ཕྲར་གྱུར་ཡོད་པས། ཁྲག་རྡོག་ཆགས་སླ་ཞིང་དེ་ལས་མིག་གི་ཁྲག་རྒྱུན་ཆད་པའི་སྣང་ཚུལ་འབྱུང་སྲིད། དེ་དག་གིས་ཁྲག་ཤེད་མཐོ་བ་ལས་མིག་གི་ནང་ངོས་སུ་ཁྲག་རྒྱས་པ་དང་མིག་མཐིལ་ལ་ཁྲག་དཀོན་པ་དང་ཁྲག་རྒྱས་པ་སོགས་ཀྱི་ནད་རྟགས་སྣ་ཚོགས་སློང་སྲིང་ཅིང་། དེ་དང་བསྡོངས་ནས་མིག་རབ་རིབ་ཏུ་འགྱུར་བ་དང་། མགོ་ཡུ་འཁོར་བ། མིག་ན་བ། སྐྱུག་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ། ཁྲག་རྡོག་ཆགས་པའི་སྐབས་སུ་ད་དུང་གློ་བུར་དུ་མིག་གིས་ཅི་ཡང་མི་མཐོང་བར་འགྱུར་སྲིད། ཁྲག་ཤེད་མཐོ་བའི་ནད་པར་རྒྱུན་པར་མྱུར་བའི་རང་བཞིན་གྱི་མིག་ནད་སྔོ་རིབ་ཀྱི་བསྡོངས་ཟླའི་ནད་ཀྱང་འབྱུང་སྲིད། གནས་ཚུལ་དེའི་རིགས་གཙོ་བོར་བུད་མེད་དར་མ་དང་རྒན་མོར་འབྱུང་ཚད་མཐོ་ཞིང་། དེའི་ནད་རྟགས་ནི་མིག་དྲག་ཏུ་ན་བ་དང་། མགོ་ན་བ། སྐྱུག་མེར་ལངས་པ་དང་སྐྱུག་པ། མིག་ཤུགས་ཇེ་ཞན་དུ་འགྱུར་བ་བཅས་ཡིན།
བཞི། མཁལ་མའི་ནད་སློང་སྲིད།
ཁྲག་ཤེད་མཐོ་བའི་ནད་ཀྱིས་ད་དུང་མཁལ་མར་ཡང་གནོད་པ་བསྐྱལ་སྲིད། ཕྱོགས་གཅིག་ནས་ཁྲག་ཤེད་མཐོ་བ་དེས་མཁལ་མར་གནོད་པར་གཏོང་བཞིན་པར་མངོན་རྟགས་གསལ་བོ་ཞིག་མེད་པས་དུས་ཐོག་ཏུ་ཤེས་དཀའ། ཕྱོགས་གཞན་ཞིག་ནས་དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཀྱི་ནད་ཡུན་ཅུང་རིང་ཞིང་དེ་ནི་སྙིང་ཁམས་ཁྲག་རྩའི་ནད་རིགས་ལྟར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་ཚད་དེ་འདྲའི་མྱུར་མོ་ཞིག་མིན་པས། ནད་པས་དེ་ལ་དོ་སྣང་ཆེན་པོ་མི་བྱེད་པ་རེད། དོན་དངོས་སུ། དུས་ཡུན་རིང་པོར་ཁྲག་རྒྱུན་གྱི་གནོན་ཤུགས་ཇེ་མཐོར་གྱུར་བ་ལས་གཅིན་གྱི་ནང་དུ་སྤྲི་དཀར་གྱི་འདུས་ཚད་ཇེ་མང་དུ་གྱུར་ནས། མཁལ་མའི་ཁྲག་རྩ་འཁུམ་པ་དང་སྲ་མོར་འགྱུར་བ་སོགས་མཁལ་མར་གནོད་པ་ཐེབས་ནས་སྤྲིར་གཅིན་སོགས་ཀྱི་ནད་རྟགས་འབྱུང་བ་རེད། མཁལ་མར་ནད་འགྱུར་བྱུང་ན་ལུས་ཕུང་གིས་དུས་ཐོག་ཏུ་ཆུ་དང་ཚྭ་ཆུ་ཕྱིར་ཕུད་མི་ཐུབ་པ་དང་། ཁྲག་རྩའི་གནོན་ཤུགས་ཇེ་ཆེར་གཏོང་བར་མ་ཟད། ལུས་སྟེང་གི་སྙོམ་སྒྲིག་མ་ལག་རྒྱུན་ལྡན་མིན་པར་བཟོས་ནས། ཁྲག་རྩ་ཇེ་རྒྱས་དང་ཁྲག་ཤེད་ཇེ་མཐོར་གྱུར་ཏེ་ཁྲག་གི་འཁོར་རྒྱུགས་ངན་པར་བསྒྱུར་སྲིད། ཁྲག་ཤེད་མཐོ་བ་དང་མཁལ་མའི་ནད་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་དང་ཕན་ཚུན་རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན་པས། གལ་ཏེ་དུས་ཐོག་ཏུ་ཚོད་འཛིན་བྱེད་མ་ཐུབ་ཚེ། གཅིན་དུག་གི་ནད་དུའང་འགྱུར་སྲིད། དེ་བས་ཁྲག་ཤེད་མཐོ་བའི་ནད་པས་ད་དུང་ཁྲག་ཤེད་གཅོག་པའི་སྨན་རྫས་ཀྱི་ཞོར་སྐྱོན་ལའང་དོ་སྣང་བྱེད་དགོས་པ་དང་། མཁལ་མའི་ནུས་པའི་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ནས། མཁལ་ནད་སྔོན་འགོག་དང་སྔ་མོ་ངོས་འཛིན་བྱེད་དགོས།
ཁྲག་ཤེད་མཐོ་བའི་ནད་ཀྱི་བསྡོངས་ཟླའི་ནད་ཡོད་ཚད་ཧ་ཅང་ཚབས་ཆེན་ཡིན་མོད། དུས་ཡུན་རིང་བོར་བཟའ་བཏུང་དང་སྨན་རྫས་སོགས་ཀྱིས་ཚོད་འཛིན་ལེགས་པོ་བྱེད་ཐུབ་ཚེ། ཁྲག་ཤེད་མཐོ་བའི་ནད་དེ་ཇེ་སྡུག་ཏུ་མི་འགྲོ་བ་ཡིན། རྩ་བའི་ཆ་ནས་བཤད་ན། ང་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་འདོད་ན་ཁྲག་ཤེད་མཐོ་བའི་ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས་ཤིང་། དུས་གཏན་འཁེལ་སྒོས་ལུས་ཕུང་ལ་ཞིབ་བཤེར་བྱེད་པ་དང་གལ་ཏེ་ནད་དེ་ཡོད་པ་ཤེས་ཚེ་སྣང་མེད་དུ་གཏན་ནས་མི་བསྐྱུར་བར་གསོ་བཅོས་བྱེད་དགོས། གསོ་བཅོས་བྱེད་སྐབས་སྨན་པའི་ངག་བཀོད་ལ་ཉན་ནས་སྨན་དུས་ལྟར་འཐུང་བ་དང་། བདེ་ཐང་གི་འཚོ་བ་རོལ་སྟངས་ལེགས་པོ་ཞིག་ཆགས་སུ་འཇུག་པ་དང་དེ་ཉིད་རྒྱུན་འཁྱོངས་བྱེད་དགོས། །
གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།
ལོ་ཙཱ་བ། འབྲུག་མོ།