གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དལ་བའི་རང་བཞིན་གྱི་ནད་འགོག་བཅོས་བྱ་བའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་དལ་བའི་རང་བཞིན་གྱི་ནད་ཀྱི་འགོག་བཅོས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་རིམ་པའི་ཀླད་སྙིང་ཁྲག་རྩའི་ནད་དང་གཅིན་སྙིའི་ནད། འབྲས་སྐྲན་སོགས་དལ་བའི་རང་བཞིན་གྱི་ནད་རིགས་དྲུག་གི་འགོག་བཅོས་ལྟེ་གནས་བཙུགས་ཏེ་ཞིང་ཆེན་རིམ་པའི་དལ་བའི་རང་བཞིན་གྱི་ནད་ཀྱི་སྨན་ཁང་མཐུན་སྦྱོར་མ་ལག་འཐུས་ཚང་དུ་བཏང་།
མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཅན་དང་མཁར་གྲོང་ཅན། མི་གྲངས་ལོ་ལོན་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་སྡོད་དམངས་ཀྱི་འཚོ་བ་རོལ་སྟངས་དང་སྐྱེ་ཁམས་ཁོར་ཡུག ཟས་རིགས་བདེ་འཇགས་གནས་ཚུལ་སོགས་ཀྱིས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་ཡིན་པ་དང་། དལ་བའི་རང་བཞིན་གྱི་ནད་གྱིས་རང་ཞིང་གི་སྡོད་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་སྐྱེལ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འཕྲོད་བསྟེན་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོས་ནད་རིགས་འགོག་བཅོས་ལས་འགན་གཟབ་ནན་གྱིས་དོན་འཁྱོལ་བྱས་པ་དང་། ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་དུ་བ་ཚོད་འཛིན། འཚོ་བཅུད་ལེགས་བཅོས། ཉེན་ཚབས་རོགས་སྐྱོར་སོགས་ཐད་ལ་བྱ་བ་མང་པོ་བསྒྲུབས་པར་མ་ཟད། དལ་བའི་རང་བཞིན་གྱི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ནང་རྐྱེན་དང་འགོག་བཅོས་ཞབས་ཞུའི་དྲ་རྒྱ་ཐོག་མར་གྲུབ་པར་བྱས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དལ་བའི་རང་བཞིན་གྱི་ནད་གྱི་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་བ་དང་སྡོད་དམངས་ཡོངས་ཀྱི་བདེ་ཐང་འཚོ་བའི་དུས་རིམ་གཉིས་པའི་འགུལ་སྐྱོད་འགོ་བརྩམས་པར་མ་ཟད། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་དལ་བའི་རང་བཞིན་གྱི་ནད་འགོག་བཅོས་ཐད་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཅེས་པ་དཔར་ནས་བཀྲམ།
ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་དལ་བའི་རང་བཞིན་གྱི་ནད་འགོག་བཅོས་ཐད་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཅེས་པ་གཞིར་བཟུང་ནས་སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་སྨན་ཁང་གིས་མཉམ་དུ་དལ་བའི་རང་བཞིན་ནད་འགོག་བཅོས་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཧུར་ཐག་གིས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་དལ་བའི་རང་བཞིན་གྱི་ནད་ཀྱི་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ་དང་དཔྱད་ཞིབ་སྤུས་ཚད་མཐོར་འདེགས་གཏོང་བ། སྡོད་དམངས་ཡོངས་ལ་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་འཚོ་བའི་གོམས་སྲོལ་ཆགས་པར་བྱས་ནས་སྡོད་དམངས་ཀྱི་དལ་བའི་རང་བཞིན་གྱི་ནད་ཀྱི་འགོག་བཅོས་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། འབྲུག་མོ།