མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་བཏང་བས་དབུལ་ཕོངས་མི་གྲངས་འབུམ་གསུམ་དང་ཁྲི་དགུ་སྟོང་བདུན་ལ་སྨན་བཅོས་འགན་སྲུང་ཡོད་པར་གྱུར།
2017.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་སྲིད་ཇུས་མང་པོ་ཕྱིར་བཏོན་པ་དང་ལག་བསྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།

སྨན་བཅོས་འགན་སྲུང་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་སྨན་བཅོས་འགན་སྲུང་གི་ཐོག་མར་སྟེར་དགོས་པའི་ཚད་གཞི་སྙོམས་སྒྲིག་བྱས་ནས་ཇེ་དམའ་རུ་བཏང་སྟེ། སྔོན་གྱི་མི་རེས་ཐེངས་རེར་སྒོར་སྟོང་ལྔ་སྤྲོད་པ་ནས་མི་རེས་ཐེངས་རེར་སྒོར་སྟོང་གསུམ་སྤྲད་པས་ཆོག མཁར་གྲོང་སྡོད་དམངས་ཀྱི་མ་དངུལ་གྲབས་གསོག་ཚད་གཞི་སྙོམས་སྒྲིག་བྱས་ཏེ་སྔོན་གྱི་སྒོ་དྲུག་བརྒྱ་དང་བཅུ་ནས་སྒོར་དྲུག་བརྒྱ་བརྒྱད་ཅུར་ཇེ་མཐོར་གཏད་པ་དང་། དེའི་ནང་ནོར་སྲིད་ཁ་གསབ་རོགས་དངུལ་དེ་སྒོར་བཞི་བརྒྱ་གྱ་དྲུག་ནས་སྒོར་ལྔ་བརྒྱ་ཉེར་དྲུག་ལ་་ཇེ་མཐོར་བཏང་། མི་སྒེར་གྱིས་སྤྲོད་དགོས་པའི་དངུལ་གྲངས་དེ་སྒོར་བརྒྱ་དང་ཉེར་བཞི་ནས་སྒོར་བརྒྱ་དང་ང་བཞི་ལ་ཇེ་མཐོར་གཏད་པ་དང་། མི་སྒེར་གྱིས་སྟེར་དགོས་པའི་གྲོན་དངུལ་དག་དམངས་སྲིད་སྡེ་ཁག་གིས་རོགས་སྐྱོབ་བྱས་ནས་ཆ་ཚང་བྱིན་པ་རེད། མཁར་གྲོང་སྡོད་དམངས་ཀྱི་ནད་ཚབས་ཆེན་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་གི་ཚད་གཞི་དེ་སྔོན་གྱི་མི་རེར་ཆ་སྙོམས་གྱིས་སྒོར་ལྔ་བཅུ་སྟེར་བ་ནས་སྒོར་དྲུག་ཅུར་ཇེ་མཐོར་བཏང་།

དབུལ་ཕོངས་མི་གྲངས་ཀྱི་དམིགས་བསལ་ནད་དང་དལ་བའི་རང་བཞིན་གྱི་ནད་རིགས་གསལ་འབྱེད་བྱེད་པའི་སྒོ་བསྟེན་སྨན་ཁང་གི་རིམ་པ་ཇེ་དམའ་རུ་བཏང་ནས། སྔོན་གྱི་ཞིང་ཆེན་ནང་ཁུལ་གྱི་རིམ་པ་གསུམ་པའམ་གྲོང་ཁྱེར་དང་ཁུལ་ནང་ཁུལ་གྱི་ཆེས་མཐོ་བའི་རིམ་པ་ནས་རྫོང་ཁོངས་ཀྱི་འབྲེལ་ཡོད་ནད་རིགས་ངོས་འཛིན་ཚན་ཁག་གི་ངེས་གཏན་ཕྱོགས་བསྡུས་སྨན་ཁང་དུ་ཇེ་དམའ་རུ་བཏང་བ་མ་ཟད། རེ་ཞུའི་གོ་རིམ་ཇེ་ཉུང་དུ་བཏང་བ་དང་རེ་ཞུའི་དུས་ཚོད་ཇེ་ཐུང་དུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་གྲངས་དུས་ཐོག་ཏུ་འགན་སྲུང་ཁྱབ་ཁོངས་སུ་འཇོག་པར་ཁག་ཐེག་བྱས། དེར་མ་ཟད་དམིགས་བསལ་ནད་དང་དལ་བའི་རང་བཞིན་གྱི་ནད་སྒོ་བསྟེན་སྨན་བཅོས་བྱེད་པའི་དུས་ཚོད་ནང་གཏན་འཁེལ་དང་མཐུན་པའི་སྨན་རིན་དང་བརྟག་དཔྱད་སྨན་རིན། ནད་བཅོས་སྨན་རིན་ཚང་མ་འགྲོ་སོང་རྩིས་ཞུ་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་པ་དང་། དུས་ཐོག་དང་གནད་དུ་འཁེལ་བའི་སྒོ་ནས་སྨན་བཅོས་འགན་སྲུང་གི་རོགས་དངུལ་བྱིན་ནས་དབུལ་ཕོངས་མི་གྲངས་ཀྱིས་ཕྱོགས་ཡོངས་ནས་སྒོ་བསྟེན་དམིགས་བསལ་ནད་དང་དལ་བའི་རང་བཞིན་གྱི་ནད་སྟོན་པའི་སྲིད་ཇུས་ལ་ཁག་ཐེག་བྱས་ཏེ་དབུལ་ཕོངས་མི་གྲངས་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་།

གནད་ཕིགས་ཤུགས་འདོན་བྱས་ནས་དབུལ་ཕོངས་མི་གྲངས་ལ་འགན་སྲུང་བྱེད་ཐུབ་པ་ཡོད་ཚད་ལ་འགན་སྲུང་བྱས། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་མི་གྲངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་ཐབས་ལམ་གསར་བ་བཏོད་པ་དང་། དུས་ཚོད་དང་ས་ཁོངས་ལ་ཚད་བཀག་མེད་པར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ངེས་མེད་དང་གནས་ངེས་མེད་དུ་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པ་དང་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་པར་བྱས། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མི་གྲངས་འབུམ་གསུམ་དང་ཁྲི་དགུ་སྟོང་བདུན་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པ་དང་། ཕལ་ཆེར་ལོ་མཇུག་བར་དུ། མི་ཐེངས་ཁྲི་བརྒྱད་ཀྱིས་ཞག་སྡོད་སྨན་བཅོས་འགན་སྲུང་རོགས་དངུལ་སྒོར་དུང་ཕྱུར་གསུམ་ལོངས་སྤྱོད་བྱེད་ཐུབ་པ་དང་། མི་ཐེངས་སྟོང་གཉིས་དང་དྲུག་བརྒྱ་ཡིས་ནད་ཚབས་ཆེན་སྨན་བཅོས་འགན་སྲུང་རོགས་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།

སྡོམ་རྩིས་བྱས་པ་ལྟར་ན། 2017ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་མི་ཐེངས་ཁྲི་གསུམ་དང་སྟོང་བདུན་གནས་སྤོ་ལས་ཞུགས་བྱས་པ་དང་། དེའི་ཁྲོད་རྫོང་རང་གི་ཁྱབ་ཁོངས་ནང་ཐག་ཉེ་ས་ནས་གནས་སྤོ་ལས་ཞུགས་བྱས་ཚད་མི་གྲངས་ཁྲི་གཉིས་དང་སྟོང་བཞི་ལ་སླེབས་པས་གནས་སྤོ་ལས་ཞུགས་ཀྱི་བརྒྱ་ཆའི་རེ་བཞི་ཟིན་པ་རེད།

2017ལོར་ལོ་སྔོན་མར་གསར་སྤེལ་བྱས་ཟིན་པའི་དབུལ་སྐྱོར་སྤྱི་ཕན་ལས་གནས་ཆིག་སྟོང་ཆིག་བརྒྱ་རེ་ལྔ་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱད་བརྒྱ་སོ་ལྔ་གསར་སྤེལ་བྱས། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་གཉིས་གསར་སྤེལ་ཡོངས་འགྲུབ་བྱས་ཤིང་། འབྲེལ་ཡོད་མི་སྣ་ཚང་མ་ལས་གནས་སུ་ཞུགས་ནས་གཞི་རིམ་ལས་ཞུགས་དབུལ་སྐྱོར་གྱི་ཞབས་ཞུའི་ལས་གནས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས།

རྩོམ་སྒྲིག་པ། འབྲུག་མོ།