ལོ་ལོན་རྒན་མོའི་སྐྱེ་ལམ་གཉན་ཚད་ཀྱི་རྟགས་དང་བཅོས་ཐབས།
2017.12.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

ལོ་ན་མཐོ་བའི་རྒན་མོ་ལ་ལར་སྐྱེ་ལམ་གྱི་གཉན་ཚད་འབྱུང་རྒྱུ་ཡོད་དེ། ལོ་ལོན་རྒན་མོའི་བསམ་བསེའུ་བྱེད་ལས་ཉམས་རྒུད་དུ་སོང་སྟེ་ཟགས་ཐོན་གྱི་མངར་ཆའི་ཚད་སྐྱེ་ལམ་དུ་འགྲོ་མ་ཐུབ་པ་དང་། མོ་གཤིས་སྐུལ་རྩི་ཇེ་ཉུང་དུ་སོང་བ། སྐྱེ་ལམ་གྱི་གཤེར་རྨེན་གྱི་ནུས་པ་ཉམས་པ་བཅས་ཀྱིས་སྐྱེ་ལམ་ལ་གཙང་སེལ་བྱེད་མ་ཐུབ་པར་སྐྱེ་ལམ་རུབ་པའམ་འབྱར་བས་སྐྱེ་ལམ་ལ་གཉན་ཚད་རྒྱས་པ་རེད།

དེ་ལ་ཁྲག་མཁྲིས་ལས་གྱུར་པ་དང་རླུང་ཚད་ལས་གྱུར་པ་བཅས་རིགས་གཉིས་སུ་བཀར་ཆོག

ཁྲག་མཁྲིས་ལས་གྱུར་བའི་ནད་རྟགས་ནི། རྩ་ཆུ་གཉིས་ལ་ཞིབ་ཏུ་བརྟག་ན་ཁྲག་མཁྲིས་ཀྱི་རྟགས་ཅན་མངོན་པ་དང་། གྲང་བ་དཀར་སེལ་དྲི་ངན་ཅན་འབབ་པ་དང་སྐབས་རེར་སྐྱེ་ལམ་ལ་ཚ་ཤུར་རྒྱག་པ། དེར་གསང་འབྱེད་ཆ་བྱད་བཀོལ་ནས་སྐྱེ་ལམ་ལ་ལྟ་དུས་དེར་གཉན་ཚད་རྒྱས་ནས་ཁྲག་བཞུར་བ་དང་སྐྱི་པགས་ཀྱི་མདོག་དམར་པོར་གྱུར་ཡོད།

རླུང་ཚད་ལས་གྱུར་བའི་ནད་རྟགས་ནི་རྩ་ཆུ་གཉིས་ལ་རླུང་ཚད་ཀྱི་རྟགས་མངོན་པ་དང་ཐུར་སེལ་རླུང་དེ་བུད་མེད་དར་མ་ལས་ཅུང་ཉམས་ཡོད་པས་གྲང་དཀར་འབབ་ཚད་རྒྱུན་ལྡན་མིན་པ་དང་། བབས་པ་དེར་དྲི་ངན་མི་བྲོ་ལ་ཁ་དོག་དཀར་ལ་དྭངས་བ་ཡིན། གཅིན་ཁ་སྙི་ཞིང་སྐྱེ་ལམ་དུ་ཚ་ལྷང་ངེར་བྱེད་པའི་ཚོར་བ་ཡོད། འདིར་ཡང་གསང་འབྱེད་ཆ་བྱད་བཀོལ་ནས་སྐྱེ་ལམ་དུ་བརྟག་དཔྱད་བྱེད་དུས་སྐྱེ་ལམ་ལ་གཉན་ཚད་རྒྱས་ནས་ཁྲག་བཞུར་བ་དང་སྐྱི་པགས་ཀྱི་མདོག་དམར་པོར་གྱུར་ཡོད།

གསོ་བཅོས་བྱེད་ཐབས་ནི། ཁྲག་མཁྲིས་ལས་གྱུར་པར་བོང་ང་ནག་པོ་ཁེ་ཕྱེད་དང་རྩ་གུར་གུམ་ཁེ་གཉིས། རྒན་པ་རླུང་ཤས་ཆེ་བས་སྒོག་སྐྱ་ཁེ་ཕྱེད་བཅས་ཁེ་གསུམ་ཡོད་པ་ཁེ་གཅིག་རེ་བྱས་ནས་སྐྱེ་ལམ་དུ་གཏོར་ཐེངས་གསུམ་བྱེད་དགོས། ཁྲག་མཁྲིས་ལས་གྱུར་པའི་སྐྱེ་ལམ་གཉན་ཚད་ནི་བོད་སྨན་ལ་མཚོན་ན་གསོ་སླ་བའི་རིགས་ཡིན་པས་གོང་གི་སྨན་ཕྱེ་དེ་སྐྱེ་ལམ་ལ་ཉིན་གནངས་ཆར་བྱས་ནས་གཏོར་ཐེངས་གསུམ་མི་དགོས།

རླུང་ཚད་ལས་གྱུར་པའི་སྐྱེ་ལམ་གཉན་ཚད་ལ་ཐང་ཁྲོམ་དཀར་པོ་ཁེ་ཕྱེད་དང་། རྩ་གུར་གུམ་ཁེ་གཅིག སྒོག་སྐྱ་ཁེ་གཅིག་བཅས་སྐྱེ་ལམ་ལ་གཏོར་ཐེངས་གཉིས་བྱེད་དགོས།

མཉམ་འཇོག་བྱེད་དགོས་པ་ཞིག་ནི་ལོ་ལོན་ཟུངས་ཟད་ཀྱི་གསོ་བྱར་ཁྲག་མཁྲིས་སྐབས་ཀྱི་བོང་ང་ནག་པོ་དང་རླུང་ཚད་སྐབས་ཀྱི་ཐང་ཁྲོམ་དཀར་པོ་གཉིས་འཐེན་དགོས་པ་དང་སྒོག་སྐྱ་གཉིས་རང་གི་ནད་བབ་དང་བསྟུན་ནས་ཇེ་མང་དང་ཇེ་ཉུང་དུ་གཏོང་དགོས།

རྩོམ་སྒྲིག་པ། འབྲུག་མོ།