བོད་ལུགས་གསོ་རིག་དང་བོད་སྨན་ནི་སྨན་བཅོས་ཐོན་ཁུངས་དང་ཕུལ་བྱུང་གི་རིག་གནས་ཐོན་ཁུངས་ཡིན་ལ། ཚན་རྩལ་ཐོན་ཁུངས་ཧ་ཅང་དཀོན་པོ་དང་ཁྱད་འཕགས་ཅན་གྱི་དཔལ་འབྱོར་ཐོན་ཁུངས་ཀྱང་ཡིན། ཟླ་བཅུ་གཉིས་པའི་ཚེསཉེར་དྲུག་ཉིན། རྒྱུན་འཛིན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རིག་ཚན་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་རིག་ཚན་རྩེ་གྲས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་བཅས་དམིགས་ཡུལ་ཡིན་པའི་“མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་བརྒྱ་ཡི་འཆར་གཞི”ཞེས་པ་དེ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།
ད་ལོར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་ལེགས་སྒྲིག་དང་ནུས་ཐོན་སྨན་སྦྱོར་སྔོག་འདོན། སྲོལ་རྒྱུན་གྱི་བོད་སྨན་འདུལ་བའི་ལག་རྩལ་ཞིབ་འཇུག ཁྱད་ལྡན་ལག་རྩལ་སྨན་བཅོས་མྱུར་སྐྱོབ་དང་རྒྱུན་འཛིན་ཐད་ཤུགས་བསྣན་ནས། སྔ་གཞུག་ཏུ་དམངས་ཁྲོད་དུ་ཐར་ཐོར་དང་རྩ་མེད་དུ་འགྱུར་བར་ཉེ་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་གྲགས་ཅན་ཉིས་བརྒྱ་ལྷག་བསྡུ་རུབ་དང་མྱུར་སྐྱོབ། སྔོག་འདོན་བཅས་བྱས་ཤིང་། སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྨང་གཞིའི་རིགས་གཞུང་ཞིབ་འཇུག་བྱ་གཞི་སུམ་ཅུ་ལྷག་ལག་བསྟར་ཡོངས་འགྲུབ་བྱས་ནས་མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པའི་རིགས་གཞུང་བསམ་བློ་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱ་བའི་ཐད་རྨང་གཞི་ལེགས་པོ་བཏིངས། རྩ་འཛུགས་ཀྱིས“མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པའི་རིགས་གཞུང་བསམ་བློ་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱ་བའི”ཆེད་དོན་ཚོགས་འདུ་ཐེངས་མང་པོར་བསྡུས་པ་དང་། རྒྱུན་འཛིན་བྱ་བའི་ཇུས་གཞི་བཟོས་ལ། སྔ་གཞུག་ཏུ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དང་བོད་ཁུལ་དུ་སོང་ནས་ཆེད་མཁས་པར་བཅར་འདྲི་དང་ཕྱོགས་མང་ཚོད་བརྟག་བྱས་པར་མ་ཟད། ཉིས་སྟོང་བཅུ་གཉིས་ལོར་ཞིང་ཆེན་དང་བོད་ཁུལ་ལྔའི་མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་བརྒྱའི་མིང་མཛོད་ལེགས་སྒྲིག་བྱས། སྔ་གཞུག་ཏུ་དམ་ཆོས་དང་བསམ་གཏན། འཇམ་ཚེ། ཉི་མ་སོགས་མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་བདུན་གྱི་རིགས་གཞུང་བསམ་བློ་དང་ནད་བརྟག་སྨན་བཅོས་ཉམས་མྱོང་རྒྱུན་འཛིན་བྱས་ཏེ《བོད་ཀྱི་གསོ་རིག་ཀུན་བཏུས》དང་། 《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས》སོགས་རྒྱུ་ཆ་མྱུར་སྐྱོབ་དང་ལེགས་སྒྲིག པར་སྐྲུན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ལ། གདན་ཞུས་དགེ་རྒན་ཆེན་མོ་ཞེ་གཉིས་གདན་ཞུས་ལས་བསྐོས་བྱས།
མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་འགའ་རིམ་བཞིན་ཚེ་ལས་འདས་པ་དང་བསྟུན་ནས། རིག་ཚན་ཐོན་ཁུངས་རྩ་ཆེན་དག་ཀྱང་རིམ་བཞིན་མེད་པར་གྱུར་ལ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱུན་འཛིན་བྱ་བ་དེ་སྔར་བཞིན་དཀའ་ཁག་ཆེ་བར་གྱུར། “མིང་གྲགས་ཅན་གྱི་བོད་ལུགས་སྨན་པ་རྒན་པ་བརྒྱ་ཡི་འཆར་གཞི”དངོས་སུ་ལག་བསྟར་བྱས་རྗེས། མུ་མཐུད་དུ་དགེ་རྒན་གྱིས་སློབ་མ་སྐྱོང་བ་དང་གསོ་སྦྱོང་སྤེལ་བ། དཔེ་ཆ་རྩོམ་པ། སློབ་དེབ་རྩོམ་སྒྲིག བརྙན་སྒྲིག་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཞུང་བསམ་བློ་དང་ནད་བརྟག་སྨན་བཅོས་ཉམས་མྱོང་གི་རྒྱུན་འཛིན་ཤུགས་ཚད་རྒྱ་བསྐྱེད་ནས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་ཚན་འོད་སྟོང་འབར་བར་བྱས་ཏེ་མི་རིགས་གསོ་རིག་རིག་ཚན་ཁྲོད་ཀྱི་མུ་ཏིག་ལྡོག་གཅིག་ཏུ་འགྱུར་བར་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། འབྲུག་མོ།