གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སློབ་ཚོགས་མཉམ་འབྲེལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་རྒྱུན་མཐུད་སློབ་གསོའི་ཨུ་ཡོན་ལྷན་ཁང་རིག་གཞུང་ཚན་ཁག་གིས་དཔྱད་ཞིབ་དང་མཚོ་སྔོན་ཞིང་ཆེན་རྒྱུན་མཐུད་གསོ་རིག་སློབ་གསོའི་ཨུ་ཡོན་ལྷན་ཁང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་བརྒྱ་དང་བཅུ་དགུ་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་ལས་གཞི་བཞི་བརྒྱ་དང་བདུན་ཅུ་གསར་དུ་ཁ་སྣོན་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་བརྒྱ་དང་བཅུ་དགུའི་ཁྲོད་རྒྱལ་སྤྱིའི་མཐོ་སྒང་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་སྨན་བཅོས་ཀྱི་ཚད་གཞིའི་ལམ་ལུགས་བཟོ་བཅོས་གསོ་སྦྱོང་འཛིན་གྲྭ་སོགས་འདུ་བ་དང་ལས་གཞི་ལག་བསྟར་བྱེད་པའི་སྡེ་ཁག་ལ་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་སྨན་བཅོས་སྡེ་ཁག་ལས་གཞན་ཞིང་ཆེན་ཁྲག་རྒྱུན་ལྟེ་གནས་དང་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། ཞིང་ཆེན་མ་བུའི་ལུས་ཁམས་བདེ་སྲུང་ཁང་སོགས་ལས་གཞི་ལག་བསྟར་བྱེད་པའི་སྡེ་ཁག་ཏུ་གསར་དུ་ཁ་སྣོན་བྱས་ཡོད།
རྒྱུན་མཐུད་གསོ་རིག་ནི་རིག་གཞུང་གསར་པ་དང་ཤེས་བྱ་གསར་པ། ལག་རྩལ་གསར་པ། བྱེད་ཐབས་གསར་པ་སོགས་གསར་པ་བཞི་ལ་སློབ་སྦྱོང་བྱེད་པ་གཙོ་ཡིན་པའི་ཡུན་རིང་རང་བཞིན་གྱི་སློབ་གསོ་ཞིག་ཡིན་པ་དང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་རེ་ཞུ་བྱས་པ་དང་སྒྲུབ་འགན་ཁུར་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་རིག་སློབ་ཁྲིད་ཆུ་ཚད་ཀྱི་དཔེ་སྟོན་ཆེས་བཟང་བོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་སྲོལ་བཅོས་སྒྱུར་ཐད་རིག་སྟོབས་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པའང་ཡིན།།
རྩོམ་སྒྲིག་པ། འབྲུག་མོ།