ཉིས་སྟོང་བཅུ་བདུན་ལོའི་ཚུན་ལ། བདེ་ཐང་དབུལ་སྐྱོར་བྱ་བ་གཏིང་ཟབ་སྒོས་སྤེལ་བར་ཁག་ཐེག་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་མུ་མཐུད་དུ་རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་བྱ་བ་སྲ་སྒྱུར་བྱས་ཤིང་། ཧུར་ཐག་གིས་སྨན་བཅོས་ཆུ་ཚད་མཐོར་འདེགས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། གཞི་རྩའི་སྨན་བཅོས་ཞབས་ཞུ་སྟབས་བདེ་དང་ཕན་ལྡན་དོ་སྙོམས་ཅན་དུ་སྒྱུར་བས། ནུས་ཡོད་སྒོས་དབུལ་ཕོངས་མང་ཚོགས་ནད་བྱུང་བར་བརྟེན་ནས་དབུལ་བོར་འགྱུར་བ་ཐག་གཅོད་བྱས།
ཧུར་ཐག་གིས་བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པའི་བྱ་བའི་ཁྲོད། ཁྲི་ཀ་རྫོང་གིས་རོང་འབྲོག་ཁུལ་གྱི་ནད་བྱུང་བར་བརྟེན་ནས་དཀའ་ཁག་ཅན་དང་དབུལ་བོར་གྱུར་བའི་མི་ལ་གཙོ་གནད་དུ་དམིགས་ནས་རིམ་པ་བགར་ཏེ་འགན་གཙང་ལེན་བྱེད་པ་དང། ས་མཚམས་བགོས་ནས“དྲ་རྒྱ་ཅན”གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཤིང་། འཕྲོད་བསྟེན་མ་ལག་གི་ལས་བྱེད་པ་དང་ལས་བཟོ་བ་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་ཞང་གྲོང་བདུན་གྱི་སྡེ་བ་ཉེར་བདུན་གྱི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ང་བདུན་ལ་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་ལ། ནད་བྱུང་བར་བརྟེན་ནས་དབུལ་བོར་གྱུར་བའི་མི་གྲངས་སྟོང་གཅིག་དང་དོན་གཅིག་ལ་འབྲེལ་བ་ཡོད་པ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ། ནད་བྱུང་བར་བརྟེན་ནས་དབུལ་བོར་གྱུར་བའི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ང་བདུན་ལ་འཚམས་འདྲི་བྱས་ཤིང་། མི་གྲངས་དགུ་བརྒྱ་རེ་གསུམ་ལ་རིན་ཐང་སྒོར་ཁྲི་བདུན་དང་སྟོང་ལྔ་དགུ་བརྒྱ་ཡི་སྨན་རྫས་དང་སྒོར་འབུམ་གཅིག་དང་སྟོང་བདུན་གྱི་རོགས་སྐྱོར་མ་དངུལ་བྱིན། དེ་དང་མཉམ་དུ། “ཕན་ཚུན་གན་རྒྱ་འཇོག”པའི་ཞབས་ཞུའི་བྱ་བ་སྤེལ་ཏེ་ཞང་དང་སྡེ་བ། ཁྱིམ་ཚང་ལ་སོང་ནས་“གཅིག་གཏད་གཅིག” གི་གན་རྒྱ་འཇོག་པའི་ཞབས་ཞུ་ལག་བསྟར་བྱས་པར་མ་ཟད། ཁྱིམ་ཚང་སྨན་པའི་དཔུང་སྡེ་བར་གན་རྒྱ་བཞག་ནས་བདེ་ཐང་ཞབས་ཞུའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཤིང་། བསྡོམས་པས་ཁྱིམ་ཚང་སྨན་པའི་དཔུང་སྡེ་ཉེར་ལྔའི་མི་གྲངས་བརྒྱ་དང་དོན་བཞི་གསར་འཛུགས་བྱས་པས་ཁེབས་ཚད་བརྒྱ་ཆའི་གྱ་དྲུག་ལ་སླེབས།
ནད་བྱུང་བར་བརྟེན་ནས་དབུལ་བོར་གྱུར་བའི་ཁྱིམ་ཚང་ལ་ཁ་དོག་དམར་པོ་དང་ལྗང་ཁུ། སེར་པོ། སྔོན་པོ་བཅས་ཀྱི་རིགས་བགར་ཞིང་། མདོག་དམར་པོས་ནད་ཚབས་ཆེན་བྱུང་བའི་དབུལ་ཕོངས་ཁྱིམ་ཚང་མཚོན་ཞིང་དགོས་མཁོ་ལྟར་ཆེད་བསྐོས་མི་སྣས་དུས་ཐོག་ཏུ་རྗེས་འདེད་འཚམ་འདྲི་བྱེད་དགོས་པ་མཚོན་པ་དང་། མདོག་ལྗང་ཁུས་དལ་བའི་རང་བཞིན་གྱི་ནད་བྱུང་བའི་དབུལ་ཕོངས་ཁྱིམ་ཚང་མཚོན་ལ་ཁྱིམ་ཚང་གི་སྨན་པས་དུས་བཅད་ལྟར་རྗེས་འདེད་འཚམ་འདྲི་དང་ནད་བརྟག་སྨན་བཅོས་བྱེད་དགོས་པ་མཚོན་ཡོད། མདོག་སེར་པོས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་མཚོན་ལ། དུས་བཅད་ལྟར་ཁྱིམ་ཚང་དུ་སོང་ནས་ཞབས་ཞུ་བྱེད་དགོས་པ་མཚོན་ཡོད། མདོག་སྔོན་པོས་སྤྱིར་བཏང་གི་ནད་བྱུང་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་མཚོན་ཞིང་དགོས་མཁོ་ལྟར་རྗེས་སྙེག་ཞབས་ཞུ་བྱེད་དགོས་པ་མཚོན་ཡོད།
རྩོམ་སྒྲིག་པ། འབྲུག་མོ།